ཐང་ཁྲོམ་དང་ཉིན་རེའི་ལྟོ་གོས་ཀྱི་འབྲེལ་བ།

དེའི་རྗེས་སུ་ཐང་ཁྲོམ་གཏན་ནས་སྟོན་མི་ཆོག་པར་བཀག་སྡོམ་ནན་པོ་བྱེད་རྒྱུ་ཡིན་ཚུལ་འདུག སྤྱིར་དྷ་ཤོད་དང་ཀན་ཡ་ར་ཕྱོགས་ཀྱི་ལམ་ཟུར་དུ་ཁྲོམ་སྟོན་མི་ཆོག་པའི་བཀག་སྡོམ་ནན་པོ་བྱས་ཟིན་པས་བོད་པ་གཅིག་པུར་དམིགས་བསལ་གྱིས་དམ་དྲག་བྱས་པ་ཞིག་གཏན་ནས་མིན་ནའང། ས་གནས་ཡུལ་མི་ལ་མཚོན་ན་ས་ཆ་དང་ཁང་པ་ཡོད་པ་མ་ཟད། ས་ཞིང་ཡང་མང་པོ་ཡོད་པས་བོད་པ་སྐྱབས་བཅོལ་པ་རྣམས་ཀྱི་གནས་སྟངས་དང་བསྡུར་ཐབས་གཏན་ནས་མེད། གཙུག་ལག་ཁང་གི་ཉེ་འགྲམ་སོགས་ཁྲོམ་ལམ་གཡས་གཡོན་དུ་ཁྲོམ་སྟོན་མཁན་བོད་རིགས་ཕལ་ཆེ་བ་ལ་མཚོན་ན། རྒྱ་གར་གཞུང་གིས་རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་སྤྲད་བཞག་པ་ཤ་སྟག་ཡིན་པ་དང། དེ་དག་མང་ཆེ་བའི་ཉིན་རེའི་འཚོ་གོས་ཀྱང་ཐང་ཁྲོམ་དེ་ཁོ་ན་ལ་བརྟེན་ནས་ཡོང་གི་ཡོད་སྟབས། བོད་པ་དེ་དག་མེག་ལོར་གྱི་ཁྲོམ་ལམ་གཡས་གཡོན་ནས་ཕྱིར་འཕུད་བྱས་པའི་དབང་དུ་བཏང་ཡང། ཁྲིམས་མཐུན་གྱི་ཁྲོམ་ས་གཞན་ཞིག་གནང་ཐབས་དགོས་པ་ནི་རྒྱ་གར་གཞུང་གི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་དེ་ལུགས་ཞུ་སྐུལ་དང་མི་མང་གི་དཀའ་ངལ་སེལ་ཐབས་གང་ཡོད་གནང་དགོས་པ་ཧ་ཅང་གལ་ཆེ། གལ་སྲིད་རྒྱ་གར་གཞུང་གིས་ཁྲོམ་ས་གཞན་ཞིག་ཐབས་འཚོལ་གནང་བའི་དབང་དུ་བཏང་ན་བོད་རིགས་དེ་དག་ཀྱང་ངེས་པར་དུ་སྤོ་དགོས་པ་ལས། གལ་སྲིད་མ་སྤོས་ན་དུས་ནམ་ཞིག་ཁྲོམ་ས་དང་འཚོ་རྟེན་གང་ཡང་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་སྲིད།

སྤྱིར་མེག་ལོར་གྱི་ཁྲོམ་ལམ་ཆུང་བ་དང་ཐང་ཁྲོམ་དང་རླངས་འཁོར་མང་བ་སོགས་ཀྱིས་ཁྲོམ་ལམ་དུ་འགྲོ་བསྐྱོད་བྱེད་པའི་སྐབས་དུས་རྒྱུན་ལྷོད་གཡེང་བྱས་ནས་འགྲོ་ཐབས་མེད་པ་དང། གོས་ཐུང་ཁྲོམ་ལམ་ནས་སྐབས་རེ་རླངས་འཁོར་གྱི་འཚང་ཁ་ཆེ་བས་ཆུ་ཚོད་གཅིག་གཉིས་རེར་ལམ་ཁ་འགག་འགྲོ་བའང་ཡོང་གི་ཡོད། དྷ་རམ་ས་ལ་དེ་༧གོང་ས་མཆོག་གི་བཞུགས་སྒར་ཡིན་པས་ཧི་མ་ཅལ་མངའ་སྡེའི་ནང་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པ་དང། ཁྲོམ་ལམ་ཆུང་ངུ་ཞིག་ནས་མི་དང་རླངས་འཁོར་བ་གླང་སོགས་མཉམ་དུ་འགྲོ་དགོས་པ་ནི་མིག་ལམ་དུ་མཛེས་པོ་ཞིག་མིན་པ་དང། བདེ་འཇགས་ལ་དཀའ་ངལ་མེད་པའང་གཏན་ནས་མིན། རྒྱ་གར་གཞུང་གིས་བཞུགས་སྒར་དྷ་རམ་ས་ལར་ཡུལ་སྐོར་སྤྲོ་འཆམ་གྱི་ཁོར་ཡུག་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་ན། ད་ལྟ་མེག་ལོར་གྱི་ཁྲོམ་ལམ་དུ་འཚང་ཁ་ཆེན་པོ་མེད་པ་དང། འཇིགས་སྣང་མེད་པར་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཡོང་ཆེད་རླངས་འཁོར་ཆེ་ཆུང་གི་འཚང་ཁ་དེ་ཡང་མེད་པར་འཁོར་ལམ་གསར་པ་ཞིག་གཏོད་ཐུབ་པ་བྱ་རྒྱུ་དང། ད་ལྟའི་ཁྲོམ་ལམ་དེ་དག་ཏུ་མི་རྣམས་རྐང་ཐང་གིས་འགྲོ་བ་མ་གཏོགས་རླངས་འཁོར་འགྲོ་མི་ཆོག་པ་བཟོས་ན་ཁོར་ཡུག་མིག་ལ་མཛེས་པ་ཙམ་དུ་མ་ཟད། སེམས་ལ་ཞི་འཇམ་དང་སྤྲོ་སྣང་གི་ཁོར་ཡུག་ཅིག་སྐྲུན་ཐུབ་པ་ལས། ལམ་ཟུར་གཡས་གཡོན་གྱི་ཐང་ཁྲོམ་སྟོན་མཁན་རྣམས་ཕྱིར་འཕུད་བྱས་པ་ཁོ་ན་ལས། གཞན་སྟངས་འཛིན་དང་ཡར་རྒྱས་ཀྱི་འགྱུར་བ་གང་ཡང་མེད་ན། དམིགས་བསལ་གྱི་ཁོར་ཡུག་ཅིག་ཏུ་འགྱུར་དཀའ་བས་དེའི་ཐོག་ལ་རྒྱ་གར་གཞུང་གིས་དགོངས་པ་བཞེས་དགོས་པ་ཧ་ཅང་གལ་ཆེ་བར་སྣང།།