དབུས་གཙང་ཆོལ་ཁས་སྤྱི་འཐུས་འོས་མིར་ཆ་རྐྱེན་གཉིས་བཏོན་འདུག
དབུས་གཙང་ཆོལ་ཁ་ནས་དང་ཐོག་བཀའ་ཁྲིའི་འོས་གཞིར་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་ཟུར་རྗེ་བཙུན་པདྨ་བཅས་བཏོན་ཡོད་ཀྱང། མང་མོས་རྩེ་བཏོག་བྱས་པའི་ནང་ནས་མང་ཤོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན་པ་མ་ཟད། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང། བཀའ་ཟུར་རྗེ་བཙུན་པདྨ་ལགས་གཉིས་བཀའ་ཁྲི་འོས་བསྡུའི་ནང་བཞེངས་རྒྱུ་མིན་སྐོར་ཡང་གསུངས་ཡོད་སྐོར་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང།
གསར་འགོད་པས། སྤྱི་འཐུས་དངོས་སུ་བཅུ་དགོས་པ་དང། འོས་མི་ཉི་ཤུ་བཏོན་འདུག བཀའ་ཁྲི་གཅིག་དགོས་པ་རེད་ལ། འོས་མི་ཡང་གཅིག་བཏོན་འདུག དེའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར། ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། “འོས་བསྡུ་དང་འབྲེལ་བའི་ཐོག་གྲོས་བསྡུར་མང་པོ་བྱུང་བ་རེད། མི་མང་ཁྲོད་བཀའ་ཁྲིའི་འོས་གཞི་ཁ་མ་འཐོར་བའི་ཆེད་དུ་འོས་མི་གཅིག་བཏོན་པ་རེད། དེ་བཞིན་འོས་བསྡུའི་སྒྲིག་གཞིའི་ནང་དུ་བཀའ་ཁྲིའི་སྔོན་འགྲོའི་འོས་གཞིའི་ནང་བརྒྱ་ཆ་ལྔ་བཅུ་ང་གཅིག་ཟིན་པ་དང། དེར་འགྲན་སྡུར་བྱེད་མཁན་མེད་པ་ཆགས་ན། འགྲན་སྡུར་མེད་པའི་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱེད་ཀྱི་ཡོད་པས། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཀའ་ཁྲིའི་འོས་གཞི་གཅིག་བཏོན་པ་ཡིན་”ཞེས་འགྲེལ་བརྗོད་གནང་སོང།
སྤྱི་འཐུས་འོས་མིའི་ནང་དུ་གཞོན་ལྷན་གྱི་ཚོགས་མི་དང་དབུས་རྒྱུན་ཟུར་པ་མང་པོ་འདུག དེ་ཚོས་དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱེད་རྒྱུའི་མོས་མཐུན་ལ་དཀའ་ངལ་ཡོད་མེད་དང། སྤྱི་འཐུས་ཀྱི་འོས་གཞི་འདོན་སྐབས། ཁོང་ཚོས་དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱེད་རྒྱུར་མོས་མཐུན་གནང་བ་དེར་དབུས་གཙང་ཆོལ་ཁའི་རྒྱུན་ལས་ལ་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས། “དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ལངས་ཕྱོགས་གཏན་འབེབས་སྐབས། དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱེད་རྒྱུར་མང་མོས་ཀྱིས་མོས་མཐུན་ཡོད་པས། དེར་བརྩི་བཀུར་ཞུས་པའི་ཐོག་ནས་འོས་མིར་ཆ་རྐྱེན་བཏོན་པ་རེད། འོས་མི་ཚོས་མོས་མཐུན་ཡོད་པའི་ཐོག་ནས་ཕེབས་པ་རེད། དེ་ལས་ལྷག་པའི་རྒྱུ་མཚན་དགོས་ན་ཐད་ཀར་སོ་སོར་བཀའ་འདྲི་ཞུས་ན་ཡག་སྐོར་”འགྲེལ་བརྗོད་གནང་སོང།
གལ་སྲིད་སྤྱི་འཐུས་ཆགས་རྗེས། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དང་གསུང་མཁན་བྱུང་ན་དབུས་གཙང་རྒྱུན་ལས་ཀྱི་ངོས་ནས་ག་འདྲ་གནང་དགོས་མིན་སྐོར་དྲིས་པར། ཁོང་གིས། “ཆོལ་ཁའི་སྒྲིག་འཛུགས་ཀྱིས་ངོས་ནས་དང་པོ་ཆ་རྐྱེན་འདོན་སྐབས། མོས་མཐུན་གནང་ཡོད་པ་རེད། ད་ལྟ་གསུང་འགྲོས་འགྱུར་བ་ལྟ་བུ་འདུག་པས། དེ་ག་འདྲ་རེད་ཅེས་བཀའ་འདྲི་ཞུ་རྒྱུ་ཡོང་གི་རེད་”ཅེས་འགྲེལ་བརྗོད་གནང་སོང་།
དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་ཞེས་པ་ནི། སྤྱི་པའི་མཐུས་མིའི་ཡོང་ཁུངས་བཅའ་ཁྲིམས་རིན་པོ་ཆེའི་ནང་ཆོལ་ཁ་ཆོས་བརྒྱུད་ཅེས་གསལ་ཡོད་པ་དང། ཆོལ་ཁའི་སྒྲིག་འཛུགས་འདི་བཞིན་ཚགས་ཚུད་སྲ་བརྟན་ཡོང་དང་མི་ཡོང་སྤྱིར་ཆོལ་ཁའི་སེར་སྐྱ་མི་མང་ཡོངས་དང། སྒོས་སུ་ཆོལ་ཁའི་གནད་ཡོད་མི་སྣ་རྣམས་ཀྱི་ཕྱར་གྲུ་མཉམ་འདེགས་ཀྱིས་ཆོལ་ཁའི་གོང་བུའི་ནུས་པ་དང། བོད་སྤྱིར་རྣམ་དཔྱོད་འདོན་སྤེལ་གྱིས་སྲི་ཞུ་སྒྲུབ་སའི་གླེང་སྟེགས་ཤིག་ཏུ་བསྐྲུན་ཐབས་མཐུན་འགྱུར་དགོས་པའི་གནད་དོན་ཁོ་ན་ཡིན་སྐོར་ཡང་འགྲེལ་བརྗོད་གནང་སོང།།
{jcomments on}