རྒྱ་ནག་སྲིད་འཛིན་གྱིས་ཨ་རིར་ལྟ་སྐོར་བྱེད་འཆར།

དེ་ཡང་ཟླ་འདིའི་༢༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་འགའི་སྔོན་ནས་འགོ་འཛུགས་ཀྱིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང། འཛམ་གླིང་སྟོབས་ཆེན་ཁག་གི་ཚོགས་ཆེན་འཚོག་བཞིན་ཡོད་པ་དང་། སྐབས་དེར་ཨ་རི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཐུག་འཕྲད་སྐབས། ཨ་རིའི་སྲིད་འཛིན་མཆོག་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་རྒྱུན་གནས་དང་སྲ་བརྟན་ཆེད། སྲིད་འཛིན་ཧུའུ་ཨ་རིར་གདན་ཞུ་བྱེད་འཆར་ཡོད་པའི་དགོས་འདུན་བཏོན་པ་ཁས་ལེན་བྱས་ཡོད་པ་དང། ད་ཐེངས་ཀྱི་རྒྱ་ནག་གི་སྲིད་འཛིན་གདན་ཞུ་དེ། སྲིད་འཛིན་ཨོ་བྷ་མས་ཨ་རིའི་འཛིན་སྐྱོང་གི་འགན་འཁུར་ནས། རྒྱ་ནག་གི་སྲིད་འཛིན་གདན་ཞུ་བྱས་པ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

གསར་འགྱུར་དབྱེ་ཞིབ་པ་ཚོས། ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་དབར་རྒྱལ་སྤྱིའི་གདན་དོན་ཐོག་ནས་མི་མཐུན་པའི་དཀའ་གནད་མང་ནའང། དེང་སྐབས་ཨ་རི་གཞུང་གིས་རྒྱ་ནག་ལ་བསྟུན་གང་ཐུབ་བྱེད་བཞིན་ཡོད་པ་དེ། རྒྱ་ནག་གི་དངུལ་ལོའི་འཛའ་ཐང་དེ་འཕར་ཆ་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང། གལ་སྲིད་ཐུབ་ན་ཨ་རིའི་ཁྲོམ་ར་དང་ལས་མེད་ཀྱི་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་དེང་སྐབས་རྒྱ་ནག་གི་དངོས་ཟོག་ཕྱིར་འདྲེན་བྱེད་མཁན་གྱི་ཁྲོམ་ར་ཆེ་ཤོས་ཨ་རི་ཆགས་ཡོད་པ་དང། ཨ་རིའི་ས་ཁུལ་ཁག་དང་རྒྱལ་སྤྱིའི་ལྟ་སྟངས་ཕྱོགས་གང་ཐད་ནས། ཨ་རི་དང་འབྲེལ་ལམ་སྲ་བརྟན་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནད་དོན་ཞིག་ལ་བརྩི་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}