རྒྱ་ནག་གིས་བོད་རྒྱ་ཆེའི་མི་མང་གི་དོན་དུ་དགོངས་པ་བཞེས་དགོས།

༧གོང་ས་མཆོག་གིས་སྤྱི་ཚོགས་འཆམ་མཐུན་དགོས་སྐོར་ལ་བཀའ་སློབ་གནང་དོན།  “ངས་ཁྱེད་རང་ཚོར་རེ་འདུན་ཤུགས་ཆེན་པོ་བྱེད་རྒྱུ་ཞིག་ལ། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་རེད། ཕྱི་གསལ་ནང་གསལ་དགོས་པ་རེད། གནས་ཚུལ་ཆ་ཚང་རྟོགས་ན། བཟང་པོ་ག་རེ་ཡིན། ངན་པ་ག་རེ་ཡིན་བཤད་རྒྱུའི་ནུས་པ་དང། རྣམ་དཔྱོད་ཡོད་པ་རེད་”ཅེས་དང། “ཀྲུང་ཧྭ་རིན་མེན་གུང་ཧི་གོ་(རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་)བཙུགས་ནས་ལོ་༦༠ ལྷག་ཕྱིན་པ་རེད། གྲུབ་འབྲས་མང་པོ་བྱུང་ཡོད་པ་རེད་དེ། ད་ལྟ་དངོས་ཡོད་དོན་དམ་གྱི་མཆམ་མཐུན་ཞེས་པ་ཏོག་ཙམ་དཀའ་ངལ་རེད། འགྲུབ་ཡོད་ན། ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་ཞེས་པ་དེ་ཡོང་དགོས་པ་ཡོད་པ་མ་རེད། ‘གུང་ཧི་’ཞེས་པ་དེ་འཆམ་མཐུན་གྱི་ཐོག་ནས་བཟོ་དགོས་པ་རེད། གཅིག་གིས་གཅིག་ལ་ཡིད་ཆེས་མེད་པར་དོགས་པ་བྱས། ཞེད་སྣང་བྱས་ནས་བསྡད་ན་‘གུང་ཧི་’ཞེས་པ་ཡོང་རྒྱུ་ཡོད་པ་མ་རེད། གཅིག་གིས་གཅིག་ལ་དོན་དག་མེད་པར། དོགས་པ་བྱས། ཐེ་ཚོམ་ཟོས་པའི་གནས་ཚུལ་དེ་ག་འདྲ་སེལ་གྱི་རེད་ཟེར་ན། ཐུག་ནས་སྐད་ཆ་བཤད་དེ་སེལ་དགོས་པ་རེད་”ཅེས་བཀའ་སློབ་གནང་འདུག

བོད་རྒྱ་འབྲེལ་མོལ་དང་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ། ༧གོང་ས་མཆོག་གིས། བོད་ནང་དུ་དཀའ་ངལ་ཡོད་པ་དངོས་ཡོད་ཡིན་སྐོར་ངོ་སྤྲོད་གནང་བ་དང། “༢༠༠༢ ནས་ང་ཚོ་ཐད་ཀར་འབྲེལ་བ་བྱེད་རྒྱུ་དེ་བསྐྱར་གསོ་བྱས་པ་རེད། དེ་ནས་ང་ཚོ་ཐེངས་དགུ་ལ་ཐུག་པ་རེད་མོད། ཚུར་སྐྱོན་བརྗོད་བྱེད་སྡོད་པ་ལས། གང་ཡང་ཡོང་གི་མི་འདུག་”ཅེས་བཀའ་ལན་གནང་འདུག

༧གོང་ས་མཆོག་བོད་ནང་དུ་ལོག་འཆར་ཡོད་མེད་སྐོར་ལ་བཀའ་ལན་གནང་དོན། “ང་ལོག་དང་མ་ལོག་གི་སྐད་ཆ་མ་རེད། གཏོང་གི་མི་འདུག ༡༩༨༣ ལོ་ནས་ང་བོད་ལ་འགྲོ་རྒྱུ་ཡིན་ཞེས་བཤད་པ་རེད། ང་བོད་ལ་འགྲོ་སྐབས། རྙོག་གྲ་མ་ལྷག་པ་དང། ཟང་ངེ་ཟིང་ངེ་མ་ཡོང་བ་གལ་ཆེན་པོ་ཡིན་པས། ༡༩༨༤ ལོར་གྲ་སྒྲིག་བྱེད་མཁན་གྱི་ཚོགས་ཆུང་ཞིག་བཏང་བ་རེད། ༡༩༨༥ ལོར་འགྲོ་རྒྱུ་བྱས་པ་རེད་མོད། འགྲོ་རྒྱུ་མ་བྱུང་བ་རེད། ༡༩༩༢ ལོར་ང་འགྲོ་རྒྱུར་འབད་བརྩོན་བྱས་པ་རེད། ན་ནིང་སི་ཁྲོན་དུ་ས་ཡོམ་རྒྱག་སྐབས་སླེབས་ཐུབ་ན་བསམ་པ་རེད། ངས་ཞལ་འདེབས་བརྒྱབ་པ་ཡིན་མོད། ལྡི་ལི་གཞུང་ཚབ་ནས་ཞལ་འདེབས་བླངས་མི་འདུག འགྲོ་མ་ཐུབ་པ་རེད། ཉེ་ཆར་བོད་རིགས་ས་ཁུལ་དུ་ས་ཡོམ་རྒྱག་སྐབས། ང་འགྲོ་རྒྱུར་རེ་འདུན་བྱས་པ་ཡིན་ལ། རྒྱ་རིགས་ངོ་ཤེས་པ་བརྒྱུད་ནས་འབྲེལ་བ་བྱས་པ་ཡིན། ཐོག་མ་རེ་བ་ཡོད་པའི་བཟོ་བལྟ་རེད་མོད། རྗེས་སུ་འགྲོ་མ་ཐུབ་པ་རེད། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་ང་ལོག་ཆོག་གི་རེད་ཅེས་གོ་སྐབས་བྱུང་ན། ལས་སླ་པོ་རེད། ཡིན་ནའང་གཏན་འཇགས་ལོག་རྒྱུར་བསམ་བློ་གཏོང་དགོས་པ་རེད། ཕྱི་ལོ་༡༩༥༩ ཕྱི་ཟླ་༣ ཚེས་༡༧ ཉིན་ང་འབྲོ་རྒྱུར་ཐག་བཅད་པ་རེད། དེའི་སྐབས་དཀའ་ཡོད་པ་དང། དེའི་དོན་དུ་ཐབས་ཤེས་གཞན་མེད་པས། གནས་སྐབས་ལྷ་ས་ནས་ཐོན་རྒྱུ་བྱས་པའི་གནས་ཚུལ་རེད། དཀའ་ངལ་དེ་ད་དུང་བསྡད་ཡོད་པ་རེད། ༡༩༨༠ ལོའི་ནང་ཧོའོ་ཡོ་པང་ཡོད་སྐབས་དོན་ཚན་ལྔ་ཞིག་བཟོས་པ་རེད། ང་ཕྱིར་ལོག་བྱེད་རྒྱུའི་སྐོར་རྐྱང་རྐྱང་རེད། ངས་དེའི་སྐབས་ངའི་དོན་དག་མ་རེད། བོད་རྒྱ་ཆེའི་མི་མང་གི་དོན་དག་རེད། ཀྲུང་ཡང་སྲིད་གཞུང་གིས་བོད་རྒྱ་ཆེའི་མི་མང་གི་དོན་དུ་དགོངས་པ་བཞེས་རྒྱུ་མ་བྱུང་ན། ང་ལོག་རྒྱུའི་སྐད་ཆ་མ་རེད་བཤད་པ་ཡིན་”ཞེས་བཀའ་ལན་གནང་ཡོད་པ་རེད།།

{jcomments on}