འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས།
དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་བྷི་བྷི་སིའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནང། ཟླ་འདིའི་ཚེས་༢༦ ནས་འགོ་འཛུགས་ཀྱིས་ཉིན་གྲངས་གཉིས་རིང་། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠ ཙམ་གྱི་སྲིད་འཛིན་དང་སྲིད་བློན་སོགས་ཆེད་འཛོམས་ཀྱིས་ཚོགས་འདུ་ཆེན་པོ་ཞིག་འཚོགས་ཡོད་པ་དང། སྐབས་དེར་ཉེ་བའི་ལོ་གྲངས་འགའི་ནང་དཔལ་འབྱོར་ཉམས་ཆག་སོང་ཡོད་པ་རྣམས་བསྐྱར་གསོ་བྱེད་ཐབས་དང། འཕྲོད་བསྟེན་སྐྱོ་པོ་དང་མུ་གེ་འབྱུང་བཞིན་པའི་ལུང་པ་རྣམས་ལ་རོགས་རམ་བྱེད་ཐབས་བཅས་ལ་གྲོས་མོལ་གནང་ཡོད་འདུག
ཨ་རི་སྲིད་འཛིན་ཨོ་བྷ་མས་ལྷན་ཚོགས་སུ། “ང་ཚོས་ནུས་ཤུགས་ཡོངས་རྫོགས་བཏོན་ནས། ཉེ་དུས་བྱུང་བའི་དཔལ་འབྱོར་ཉམས་གུད་དེ་འདྲ་སླར་ཡང་མི་ཡོང་བ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། དེ་བཞིན་རྒྱ་ནག་གི་ཕྱོགས་ནས་ཉེ་དུས་ཁས་ལེན་བྱས་པ་ལྟར། དངུལ་གྱི་འཛའ་ཐང་ཐད་ལ་གུ་ཡངས་ཀྱི་ལངས་ཕྱོགས་འཛིན་དགོས་པ་དང། ད་ལྟའི་སྐབས་ང་ཚོས་ཁེ་བཟང་གཅིག་པོ་གཙིགས་སུ་མི་འཛིན་པར། འཛམ་གླིང་སྤྱི་ཡོངས་ནས་འཕེལ་རྒྱས་གཏོང་བར་དགོས་མཁོ་གང་ཡིན་མིན་ངོས་འཛིན་བྱེད་དགོས་པ་དེ་གལ་ཆེན་ཡིན་”ཞེས་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས། ཉེ་དུས་དངུལ་གྱི་འཛའ་ཐང་ཐད་ལ་ཁས་ལེན་བྱས་ཡོད་པ་དེ། རང་དབང་གི་ཐོག་ནས་ཁས་ལེན་བྱས་པ་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་འདིའི་ཐད་ལ་བཙན་སྐུལ་བྱས་པར་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་འདུག ཡིན་ནའང། ལོ་འདིའི་ཟླ་བ་༡༡ ནང་ལྷོ་ཀོ་རི་ཡའི་གྲོང་ཁྱེར་སཱོ་ལི་ནང་། ད་ཐེངས་ཀྱི་ཚོགས་འདུ་འདི་བཞིན་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ་ཡོད་པས། སྐབས་དེར་གྲོས་མོལ་བྱེད་རྒྱུའི་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
༢༠༠༨ ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མ་རྐང་ཁྲོམ་ར་ཉམས་གུད་ཕྱིན་པ་ནས་བཟུང། སྟོབས་ཆེན་རྒྱལ་ཁབ་ཁག་ལྷན་འཛོམས་ཀྱིས་ཚོགས་འདུ་ཐེངས་འགའ་འཚོགས་ཟིན་པ་དང། ལྷན་ཚོགས་དེ་ས་གནས་གང་དུ་འཚོགས་རུང་ཡུལ་དེ་དང་དེའི་མི་མང་གིས། དཔོན་རིགས་ཚོར་ངོ་རྒོལ་མ་བྱས་པ་གཅིག་ཀྱང་བྱུང་མྱོང་མེད་པ་དང། ད་ཐེངས་ཀྱི་ཚོགས་འདུའི་སྐབས་སུའང། མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཏེ་ཉེན་རྟོག་པའི་རླངས་འཁོར་མེ་བསྲེག་བཏང་བ་དང། ཁྲོམ་གཞུང་ཁག་ཏུ་འཛམ་གླིང་གི་དཔོན་རིགས་ཚོས་མི་མང་གི་དགོས་འདུན་དང་འཚམས་པའི་ལས་ཀ་བྱེད་ཀྱི་མེད་པའི་སྐད་འབོད་བྱས་ཡོད་པས། ས་གནས་ཉེན་རྟོག་པས་བདུན་གཅིག་གི་རིང། ངོ་རྒོལ་བ་༥༠༠ ཙམ་བཀག་ཉར་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}