དཔལ༸རྒྱལ་བ་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི།
དེར་འདུས་མི་མང་ཡོངས་ལ་༸ཀརྨ་པ་མཆོག་གིས་མི་མང་ལ་བཀའ་སློབ་གནང་དོན། སྐྱེ་བ་ཟེར་བ་དེ་མི་ཚེའི་འགོ་འཛུགས་ས་ལྟ་བུ་ཞིག་དང། རྒྱ་ཆེ་བའི་འཇིག་རྟེན་གྱི་ཁམས་མཐོང་བ། སོ་སོས་ཐུན་མིན་གྱི་ལས་དོན་སྒྲུབ་སའི་སྒེའུ་ཁུང་ལྟ་བུ་ཞིག་རེད། རང་ཉིད་སྐྱེས་པའི་དུས་དྲན་ཉིན་མོ་དེ་ནི་རང་གི་ཕ་མ་དང་དགེ་རྒན་སོགས་འབྲེལ་ཡོད་ཁག་དང། སྤྱི་ཚོགས་དང་ཁོར་ཡུག་གིས་གསོ་སྐྱོང་བྱས་པའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་ཞིག་ཡིན་པ་རེད་ཅེས་དང། སྤྱིར་ཚེ་སྲོག་ཡོད་ཚད་རིན་ཐང་བྲལ་བ་ཞིག་དང། རིན་ཐང་མཉམ་པ། དེ་ལ་ཚད་གཞལ་དུ་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད། འཁྲུངས་སྐར་གྱི་མཛད་སྒོའི་ཐོག་བཅར་བའི་མི་མང་རྣམས་ལ་མཇལ་ཁ་གནང་བ་དང། བོད་གཞུང་ཟློས་གར་ཚོགས་པས་གླུ་གཞས་གཟིགས་འབུལ་ཞུས་ནས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་མཚོན་པར་བྱས་ཡོད་པ་རེེད།
ལྡི་ལི་བོད་སྒར་བསམ་ཡས་གླིང་དུའང་བཀའ་བརྒྱུད་བདེ་དོན་ཚོགས་པའི་གོ་སྒྲིག་འོག་༸རྒྱལ་བ་ཀརྨ་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་དང། དེར་སྐུ་མགྲོན་གྱི་གཙོ་བོ་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྩོགས་བསྟན་པ་ཚེ་རིང། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་དང། ཧི་མ་ལ་ཡའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་བཅས་གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད། མཛད་སྒོའི་ཐོག་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་གིས་༸རྒྱལ་བ་ཀརྨ་པ་དེ་ཉིད་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར། ༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་བོད་པའི་བླ་ཆེན་རེ་ལྟོས་ཆོག་པ་ཞིག་རེད་ཅེས་སོགས་གསུངས་འདུག
དེ་བཞིན་བལ་ཡུལ་དུ་ཀརྨ་སྲི་ཞུ་ཚོགས་པའི་གོ་སྒྲིག་འོག བོད་རིགས་དང། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་འདུ་འཛོགས་ཀྱིས་བལ་བོད་གཉིས་ཀྱི་རྒྱལ་གླུ་བླངས་པ་དང་འབྲེལ་༸ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པ་དང། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་རྒྱ་མཚོས་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱི་ཚབ་བྱས་ནས། བོད་མི་ནང་ཁུལ་འཆམ་མཐུན་དང། བོད་སྤྱི་པའི་བསོད་ནམས་གོང་འཐོར་སྤེལ་བའི་འཐབ་རྩོད་ལ་འབད་བརྩོན་བྱས་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང། འཁྲུངས་སྐར་སྲུང་བརྩི་བྱེད་པའི་དགོས་དོན་རེད་ཅེས་སོགས་གསུང་བཤད་གནང་ནས་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།།
{jcomments on}