ཁེ་ན་ཌར་གནས་སྡོད་བོད་མི་ཚོས་ཧུའུ་ཅིན་ཐའོ་ལ་ངོ་རྒོལ།
དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་ཨཱི་པོ་ཁི་དུས་བབ་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་ཚབ་ཁང་གིས་རླངས་འཁོར་དང། སྡོད་གནས། རྒྱ་དར་སོགས་གྲ་སྒྲིག་བྱས་ནས། ཡུལ་དེར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་དང། གནས་སྡོད་རྒྱ་རིགས་༣༠༠༠ ཙམ་ཆེད་དུ་བསྐོངས་ནས། ཉིན་གྲངས་༣ ཙམ་གྱི་རིང་ལ་སྲིད་འཛིན་ཧུའུ་ཅིན་ཐའོ། ས་གནས་གང་དུ་ལྟ་སྐོར་ཕྱིན་ན་དེར་དགའ་བསུ་བྱེད་བཅུག་པ་དང། དེ་དང་འབྲེལ་ནས་ས་གནས་གང་སར་ཡོད་པའི་རྒྱ་རིགས་ཚོར་སྲིད་འཛིན་ཧུའུ་ལ་ངེས་པར་དུ་དགའ་བསུ་ཞུ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག
བོད་རིགས་གཙོ་བོར་གྱུར་པའི་ཡུ་གུར་མི་རིགས་དང་། ཧྤ་ལུང་ཀོང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་དར་འདྲ་མིན་དང། འཕྲེད་དར་སྣ་ཚོགས་འཕྱར་ནས་སྲིད་འཛིན་ཧུའུ་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པས། དགའ་བསུའི་འབོད་སྒྲ་དང་ངོ་རྒོལ་གྱི་སྐད་འབོད་གཉིས་ཀྱིས། ཁེ་ན་ཌའི་གྲོས་ཚོགས་ཁང་དང་རྒྱ་ནག་གི་གཞུང་ཚབ་ཁང་གཉིས་འཁྲུག་ཆ་དོད་དུ་སོང་ཡོད་འདུག
སྲིད་འཛིན་ཧུའུ་ཅིང་ཐའོ་ལ་དགའ་བསུ་བྱེད་མཁན་རྒྱ་རིགས་སློབ་མ་ལུའུ་ཟེར་བས་གསར་འགོད་པར། “དངུལ་ཉུང་ཉུང་ཞིག་གིས་ཆབ་སྲིད་ངོ་རྒོལ་གྱི་ལས་འགུལ་ཁྲོད་དུ་ཞུགས་བཅུག་པ་རེད། དོན་དངོས་ཐོག་ཧྤ་ལུང་ཀོང་ཚོགས་པ་དང། བོད་དང་ཡུ་གུར་ཁ་བྲལ་བ། མང་གཙོ་རྩོད་མཁན་ཚོ་ང་ཚོའི་སྔོན་ནས་གྲོས་ཚོགས་ཁང་སོགས་སུ་འབྱོར་ཟིན་འདུག འཐབ་རྩོད་འདི་ནི་ང་ཚོའི་མེས་རྒྱལ་གྱི་མཚན་སྙན་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང། རྒྱ་ནག་གཞུང་ཚབ་ཁང་དང་རྒྱ་ནག་གི་དཔོན་རིགས་ཚོར་དགོས་པའི་ཆེས་གལ་ཆེ་བའི་དགོས་མཁོའང་དེ་རེད་”ཅེས་བརྗོད་ཡོད་པ་རེད།།{jcomments on}