༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་པ།
༧གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོ་གཙོས་པའི་གྲོང་ཁྱེར་འགའ་ཞིག་དང། གཞན་ཡང་ནང་པའི་དགོན་པ་རྙིང་པ་ཁག་ཅིག་ལ་གཟིགས་སྐོར་དང། དགོན་པ་དེ་དག་གི་མཁན་པོ་སོགས་ལ་མཇལ་འཕྲད་དང་བཀའ་སློབ་གནང། དེ་བཞིན་ཁུལ་དེར་ཡོད་པའི་མཐོ་སློབ་ཀྱི་སློབ་མ་དང། ཁུལ་དེར་གནས་སྡོད་བོད་རིགས་དང། རྒྱ་རིགས། སོག་རིགས། ཀོ་རི་ཡ། ཝེ་ནམ་སོགས་དད་ལྡན་མང་ཚོགས་ལ་བཀའ་སློབ་གནང་བ་མ་ཟད། གསར་འགོད་པ་དང་ཤེས་ཡོན་ཅན་གྱི་མི་སྣ་རྣམས་ལ་ཐུག་འཕྲད་ཀྱིས་བཀའ་སློབ་གནང་ཡོད་པ་བཅས། ཐེངས་འདིར་ཉི་ཧོང་དུ་མཛད་འཕྲིན་སྔར་ལས་རྒྱས་པ་བསྐྱངས་ཡོད་པ་རེད།
ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས། གྷ་གྷལ་གནམ་ཐང་དུ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་གཙོས་གནད་ཡོད་མི་སྣ་རྣམས་ཆིབས་བསུར་བཅར་བ་དང། དྷ་ས་ཁུལ་གྱི་བོད་མི་སེར་སྐྱ་རྣམས་ཀྱིས་ལག་ཏུ་མཇར་དར་དང་སྤོས་སྣ་ཐོགས་ནས་ཕེབས་བསུ་ཞུས་ཡོད་པ་རེད།།