ངེས་པར་ཕྱག་བསྟར་དགོས་པའི་གལ་ཆེའི་བཀོད་ཁྱབ།
བོད་བསྟན་སྲིད་སྤྱི་ཡོངས་ལ་མགོན་པོ་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་སུ་ཡང་མེད་པ་དང། དེ་འབྲེལ་འདི་ལོའི་འཁྲུངས་ཚེས་དེ་བཞིན་ཧ་ཅང་གལ་གནད་ཆེ་བརྟེན། མ་འོངས་བསྟན་འགྲོ་སྤྱི་དང་ལྷག་པར་བོད་རྒྱལ་ཁབ་ཆེན་པོའི་བསྟན་སྲིད་བདེ་རྩའི་མགོན་དཔུང་དམ་པར། མགོན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་པ་དང། མཛད་འཕྲིན་མུ་མེད་ཕྱོགས་མཐར་སྔར་ལྷག་རྒྱས་སླད། འདི་ལོའི་འཁྲུངས་ཚེས་ནས་བཟུང་ལོ་འཁོར་གཅིག་རིང། ས་གཞོན་ཁག་ཡོངས་ཀྱིས་ལས་དོན་དང་འདུ་འཛོམས་སྐབས་དམར་ཟས་སྤངས་ཏེ། དཀར་སྐྱོང་གཙང་མ་ངེས་གནང་དགོས་པ་དང། དེ་བཞིན་སྐུའི་བླ་གཟའ་དང། ཉ་སྟོང་བརྒྱད་གསུམ། དགུ་པའི་ལྷ་བབ་དུས་ཆེན་སོགས། ཆོས་ཕྱོགས་ཀྱི་དུས་ཚིགས་གལ་ཆེན་ཁག་ཏུ་ས་གནས་ཚོགས་མི་རྣམས་སྒེར་ངོས་ནས་ཀྱང་དཀར་སྐྱོང་དང་དགེ་ཚོགས་འབད་སྒྲུབ་གནང་དགོས།
ལྷག་པར་ས་གནས་གཞོན་ནུའི་གོ་སྒྲིག་འོག གོང་གསལ་དཀར་སྐྱོང་སོགས་རྣམ་དཀར་དགེ་ཚོགས་ཀྱི་ལས་རྣམས། མང་ཚོགས་ནས་ཀྱང་འབད་སྒྲུབ་དགོས་པའི་རེ་སྐུལ་གསལ་བཤད་དང། ས་གནས་སོ་སོར་༧རྒྱལ་བའི་ཞབས་རིམ་གསོག་སྒྲུབ་དང། སྲོག་བླུ་ཚེ་ཐར། མང་ཚོགས་ལ་ནང་ཆོས་ངོ་སྤྲོད་སོགས། ༧རྒྱལ་བའི་༧ཞབས་རིམ་དུ་རྣམ་དཀར་དགེ་ཚོགས་ཀྱི་ལས་རིམ་རྒྱ་ཆེ་ངེས་པར་སྨིན་སྒྲུབ་དགོས་པའི་བཀོད་ཁྱབ་ཏུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༣༡ ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༨ ཉིན།།