འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སོང་སྐོར་ངོ་སྤྲོད་བྱེད་དགོས་ཟེར།
ཕྱི་ཟླ་༦ ཚེས་༢༩ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་གོང་སྤེལ་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་ཚབ་ཚོགས་ཆེན་སྐབས་གཉིས་པ་ཞེས་པ་ཞིག་འཚོགས་ནས། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཅཱ་ཆིང་ལིན་གྱིས་གནད་དོན་བཞིའི་སྒོ་ནས་གཏམ་བཤད་བྱས་ཡོད་པ་རེད།
ཚོགས་འདུ་དེའི་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཞོན་པ་དང། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆིང་ལིན། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་དང་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་གཅིག་ལྕོགས་ཀྲུའུ་ཝེ་ཆུན། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་དང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྲིད་ཐར། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་སོགས་ཚོགས་འདུར་ཞུགས་ཡོད་པ་མ་ཟད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་འཐུས་མི་ལྷན་ཚོགས་སྐབས་བཅུ་པའི་ཚོགས་གཙོ་གཞོན་པ་རག་སྡིས་ཀྱིས་ཚོགས་འདུ་དེར་ཤིས་འཕྲིན་ཞིག་ཀྱང་སྤྲིངས་ཡོད་པ་རེད།
ཚེས་༣༠ ཉིན་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཅཱ་ཆིང་ལིན་གྱིས་མི་མང་ཚོགས་ཁང་ཆེན་མོ་ཞེས་པར་དེར་འདུས་ཚོགས་བཅར་བ་རྣམས་ལ་དོན་ཚན་བཞིའི་སྒོ་ནས་གཏམ་བཤད་ཅིག་བྱས་འདུག
དེ་ཡང་གཏམ་བཤད་དེའི་ནང་དུ་བརྗོད་པ་ལྟར་ན། གཅིག ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ནས། ཁ་བྲལ་དང་གཏོར་བཤིག་གཏོང་བའི་བྱ་འགུལ་ཁག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལས་དོན་གང་ལེགས་སྤེལ་མཁན་གྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་པ་ཞིག་ཆགས་ཐུབ་པ་བྱེད་དགོས།
གཉིས། བློ་སེམས་བོད་ཀྱི་འཛུགས་སྐྲུན་དང་སྦྲེལ་བ་དང་། བརྩེ་སེམས་གངས་ལྗོངས་ཀྱི་འཕེལ་རྒྱས་ལ་བཅངས་ཏེ། དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་བའི་ཇུས་བཟང་མང་ཙམ་ལེགས་སྐྱེས་སུ་ཕུལ་ནས། ཧུར་བརྩོན་ཆེན་པོས་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་མཁན་གྱི་ནུས་ལྡན་སྐུལ་སྤེལ་བ་ཞིག་ཆགས་པ་བྱེད་དགོས།
གསུམ། འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས། བོད་ཀྱི་རིག་གནས་ལོ་རྒྱུས་དང་། དེང་གི་གནས་སྟངས་དེ་བཞིན་འཕེལ་རྒྱས་འགྲོ་ཕྱོགས་ཐད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་ལག་ལེན་གསར་པའི་ཁྲོད་གཞི་ཚུགས་ནས། མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་དང་འཛམ་གླིང་གི་དེང་དུས་ཀྱི་སྔོན་ཐོན་གྲུབ་འབྲས་ལ་མིག་དཔེ་ལྟ་བ་དང་དང་ལེན་བྱས་ཏེ། རྒྱུན་ཆད་མེད་པར་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དང་། གོང་སྤེལ་དར་རྒྱས་ཡོང་བར་བྱས་ནས། ཧུར་བརྩོན་ཆེན་པོས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་མཁན་གྱི་ལག་ལེན་པ་ཞིག་ཆགས་ཐུབ་པ་བྱེད་དགོས།
བཞི། རྒྱ་ཁྱབ་ངང་ནས་བརྗེ་རེས་ལས་དོན་སྤེལ་ཏེ། ཁྱོན་ཡོངས་ནས་དམངས་གཙོ་བཅོས་བསྒྱུར་བཏང་ཚུན་གྱི་བོད་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས། ཚན་རྩལ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་སོགས་པར་ཡར་རྒྱས་མགྱོགས་པོ་བྱུང་བའི་སྐོར་ངོ་སྤྲོད་བྱེད་དགོས་ཞེས་དོན་ཚན་བཞིའི་སྒོ་ནས་གཏམ་བཤད་སྤེལ་འདུག
ཚོགས་འདུ་དེའི་ཐོག་ཏུ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཡིག་བཅས་གསར་དུ་བརྗེ་ལན་བྱས་འདུག་པ་རྣམས་ནི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཐུན་ཚོགས་དེའི་ཚོགས་གཙོ་དང། ཀྲུའུ་ཝེ་ཆུན་དང་། ལྷག་པ་ཕུན་ཚོགས། འཇམ་དབྱངས་བློ་བཟང་འགྱུར་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། ཡེ་ཞའོ་ཝུན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བློ་བཟང་རྒྱལ་མཚན། ཉི་མ་ཚེ་རིང་། ལྕགས་ར་བློ་བཟང་བསྟན་འཛིན། ཚེ་བརྟན་སྒྲོལ་མ། ཕེང་དབྱི་ཚའེ། སྲི་ཐར། བསྟན་འཛིན་དབང་འབུམ། ཡང་ཀྲེ་ཅིན། ཝང་ཙུའོ་ཨན། ཏན་ཅི་ཞང་། ཀྲུའུ་ཞའོ་མིང་བཅས་མི་༡༦ མཐུན་ཚོགས་དེའི་ཚོགས་གཙོ་གཞོན་པ། ཀྲུའུ་ཝེ་ཆུན་མཐུན་ཚོགས་དེའི་དྲུག་ཡིག་ཆེན་མོ་བཅས་སུ་གཏན་ཁེལ་བྱུང་ཡོད་འདུག །
{jcomments on}