རྒྱ་བོད་དབྱིན་གསུམ་གསར་བྱུང་མིང་མཛོད་དབུ་འབྱེད།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་བོ་རྩོམ་སྒྲིག་བྱས་པའི་མིང་མཛོད་《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་》ཅེས་པ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་བསྐྱར་དུ་པར་བསྐྲུན་བྱས་པ་དང། ཟླ་འདིའི་ཚེས་༡ ཉིན་སྲི་ཞུ་ཁང་དེའི་ཡིག་ཚང་དུ་དེབ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཀརྨ་སྨོན་ལམ་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གསར་འགོད་པ་རྣམས་ཕེབས་ཡོད་པ་རེད།
མིང་མཛོད་དེ་ནི་བོད་ནང་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་རྩོམ་སྒྲིག་གནང་བ་དང། མདོ་དབུས་ཁམས་གསུམ་གྱི་མཁས་པ་ཉི་ཤུ་ལྷག་གིས་རྩོམ་སྒྲིག་དང། མཁས་པ་སུམ་ཅུ་ཙམ་ལས་ཞུགས་བྱས་ཏེ་གསར་རྩོམ་སྒྲིག་སྦྱོར་བྱས་པ་ཞིག་རེད། རྒྱ་བོད་དབྱིན་གསུམ་གྱི་གསར་དུ་བྱུང་ཞིང་རྒྱུན་བཀོལ་གྱི་འཚོ་བའི་ཁྲོད་དུ་རྒྱུག་ཆེ་བའི་དེང་རབས་ཀྱི་ཚན་རིག་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཚིག་ཚན་འགྲེལ་བ་དང་བཅས་པ་ཁྲི་ཕྲག་གཅིག་ལྷག་བསྡུས་ཡོད་པ་དང། སྔར་གྱི་མིང་མཛོད་རྣམས་སུ་མ་གྲགས་པའམ་གྲགས་ཀྱང་གཅིག་གྱུར་མ་བྱུང་བའི་རིགས་ལ་ཚད་ལྡན་བསྟན་བཅོས་སོགས་ལ་ཁུངས་གཏུགས་ཅི་ཐུབ་དང་བོད་ཀྱི་བརྡ་སྤྲོད་རང་གི་འགྲོས་དང་མཐུན་པར་ཞིབ་ཏུ་དཔྱད་ཅིང་གཏན་འབེབས་བྱས་ཡོད་སྐོར་དེབ་དེའི་ནང་འཁོད་ཡོད་པ་རེད།
དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་མིང་མཛོད་དེའི་བྱུང་རིམ་ངོ་སྤྲོད་དང། མིང་ཚིག་གསར་པ་གཅིག་གྱུར་གྱིས་བེད་སྤྱོད་གཏོང་རྒྱུའི་གལ་ཆེའི་རང་བཞིན་སྐོར་གསུངས་རྗེས། སྐུ་མགྲོན་གཙོ་བོ་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུང་དོན། “སྤྱིར་བཏང་བོད་པའི་སྐད་ཡིག་དེ་ཧ་ལས་པའི་ཕྱུག་པོ་དང། སྒོས་སུ་ནང་དོན་རིག་པའི་ཐོག་ལ་ཕྱུག་པོ་ཆགས་བསྡད་ཡོད་པ་རེད། སྤྱི་ཡོངས་ཀྱི་འཛམ་གླིང་གི་སྐད་ཡིག་ནང་ནས་སྒྲ་ཡིན་ནའང་ཕྱུག་པོ་རེད་འདུག དེང་དུས་ཀྱི་རིག་གནས་གསར་པ་ཡར་རྒྱས་གཏོང་མ་ཐུབ་པར། མིང་ཚིག་གསར་པའི་ཐོག་ལ་ང་ཚོ་རྗེས་ལུས་ཆེན་པོ་ཐེབས་ཡོད་པ་དངོས་ཡོད་གནས་ཚུལ་རེད། ༧སྐྱབས་མགོན་རིན་པོ་ཆེས་༡༩༦༡ ཡས་མས་ནས་བཀའ་སློབ་གནང་ཚར་བ་ཞིག་རེད་འདུག
༡༩༦༠ ལོའི་འགོ་སྟོད་ནས་གཏན་འཇགས་སློབ་གྲྭ་བཙུགས་སྐབས་༧སྐྱབས་མགོན་རིན་པོ་ཆེས་མ་འོངས་པར་བོད་ཀྱི་མིང་ཚིག་གསར་པ་བཟོས་ནས། སློབ་ཚན་ཚང་མ་བོད་པའི་སྐད་ཡིག་ནང་བསླབ་ཐུབ་པ་དགོས་སྐོར་གསུངས་པ་མ་ཟད། ཐ་སྙད་གསར་པ་ཕྱོགས་བསྒྲིགས་དང་གསར་བཟོའི་ཆེད་དུ་ཚོགས་ཆུང་བཙུགས། ལྡི་ལི་བོད་ཁང་ཡང་དང་པོ་དེའི་ཆེད་དུ་བཙུགས་པ་ཞིག་རེད་འདུག ང་ཚོས་དེའི་ཐོག་ཁ་ཤས་བྱེད་ཐུབ་ས་རེད་བསམ་བཞིན་མ་ཐུབ་པར་ལྷག་པ་དང། ཁ་ཤས་བྱེད་ཐུབ་པའི་གནས་སྟངས་ཤིག་མེད་པ་ལྟ་བུ་རེད། དེ་ལྟར་ལྷག་ནས་༡༩༨༧ ལོར་བོད་ཀྱི་རིག་གནས་སྐོར་ལ་ཚོགས་འདུ་འཚོགས་འདུག དེའི་སྐབས་༧སྐྱབས་མགོན་རིན་པོ་ཆེས་བོད་ཀྱི་མིང་ཚིག་གསར་པ་ངེས་པར་དུ་དགོས་པ་དང། གསར་པ་བཟོ་མ་ཐུབ་ན། གང་འཚམས་ཤིག་ནས་ང་ཚོའི་སྐད་དེ་ཟ་སྐད་འཐུང་སྐད་ནང་དུ་ལྷག་བསྡད་པ་ཙམ་ལས། རིག་གནས་ཀྱི་ཐོག་བེད་སྤྱོད་བྱེད་ཐུབ་པ་དང། བོད་པའི་ཆོས་ཀྱི་ཐོག་ནས་འཛམ་བུ་གླིང་གི་ཐོག་ཏུ་ཞབས་འདེགས་ཞུ་ཐུབ་པ་བཞིན་རིག་གནས་གསར་པའི་ཐོག་ཏུ་བསྒྲུབས་ཐུབ་མེད་སྐོར་སོགས་བཀའ་སློབ་རིམ་པ་གནང་འདུག བར་ལམ་ཞིག་ནས་ཤེས་རིག་ལས་ཁུངས་ནང་ཐ་སྙད་གསར་པ་གཏན་འབེབས་ཀྱི་ལས་འཆར་བཟོས་ནས། དེའི་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་གནང་སྟེ། ད་ལྟའི་བར་དེབ་གཉིས་འདོན་ཐུབ་ཡོད་པ་རེད། གཞན་ད་ལྟ་བར་དུ་ལུས་པ་རེད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་གསུང་དོན། “ད་ལྟ་བོད་ནང་དུ་གནས་སྟངས་ཛ་དྲག་དང། དཀའ་ངལ་ཡོད་པ་རེད་མོད། རིག་གནས་སྐོར་ལ་ཧ་ལས་པའི་ཞབས་འདེགས་ཞུ་ཡི་ཡོད་པ་རེད། དེ་སྔོན་པར་རིས་ཡོད་པའི་མིང་མཛོད་དེབ་གཅིག་བཏོན་ཡོད་པ་དང། དེ་བཞིན་ཚིག་མཛོད་མང་པོ་བོད་ནང་ནས་འདོན་གྱི་ཡོད་པ་རེད། ང་ཚོས་རང་དབང་ལུང་པའི་ནང་དུ་ག་ལ་གང་འཚམས་བྱེད་ཀྱི་ཡོད་པ་རེད་མོད། རང་དབང་ཡོད་པ་ནང་བཞིན་ཞིག་ང་ཚོས་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཐ་སྙད་གསར་པའི་མིང་མཛོད་འདི་འདོན་སྐབས། རིན་པོ་ཆེ་བཞུགས་སའི་ས་ཁུལ་གཅིག་པུ་མ་ཡིན་པར། ཆོལ་ཁ་གསུམ་གྱི་རྩོམ་རིགས་ལ་མཁས་པ་མང་པོ་གདན་འདྲེན་ཞུས་ནས། ཚོགས་འདུ་རིམ་པ་དང་པོ་གཉིས་པ། གསུམ་པ་འཚོགས་ནས། མིང་ཚིག་བསྡུ་སྟངས་དང། གཏན་འབེབས་སྐོར་ལ་ཞིབ་ཚགས་པོ་གནང་འདུག མཐའ་མའི་གཏན་འབེབས་སྐབས་ཀྱང་ཆོལ་ཁ་གསུམ་དུ་ཡོད་པའི་མཁས་པ་གདན་འདྲེན་ཞུས་ནས་ཐག་གཅོད་གནང་འདུག དེ་ཚོ་རླབས་ཆེན་རེད་ལ། ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་ཆགས་འདུག དེབ་དེའི་ནང་གི་མིང་ཚིག་ལས་བཟང་ཞིག་ཡོད་ན། ངེས་པར་དུ་དེ་བེད་སྤྱོད་དགོས་པ་རེད། དེ་མེད་ན། དེབ་འདིའི་ནང་ཆོལ་ཁ་གསུམ་ཚང་མས་གོ་རྟོགས་ཐུབ་པ་དང། ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཡོད་པའི་དེང་དུས་ཀྱི་མང་ཚིག་མང་པོ་ཡོད་པས། དེ་བེད་སྤྱོད་བཏང་ན་ཡག་པོ་ཡོད་པ་རེད་ཅེས་བྲིས་འདུག དངོས་ཡོད་གནས་ཚུལ་རེད། མིང་ཚིག་གསར་པ་བེད་སྤྱོད་བཏང་ན་སྤྱི་ཡོངས་ལ་གཅིག་གྱུར་ཆགས་ཡོང་བ་དང། བེད་སྤྱོད་མ་བཏང་ན་དེབ་ནང་དུ་ལྷག་ནས། ལོ་ཁ་ཤས་རྗེས་ནས་བརྡ་རྙིང་པ་རེད་ཟེར་བ་ལྟ་བུ་ཆགས་འགྲོ་ཡི་རེད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་གསུང་དོན། “བཙན་བྱོལ་ནང་དུ་ཆ་བཞག་ནའང། བོད་ནས་དེབ་ཚུར་སྐུར་རྒྱུ་དང། འགྲེམས་སྤེལ་བྱེད་རྒྱུ་ཏན་ཏན་དཀའ་ལས་ཡོད་པ་རེད་མོད། བོད་ཀྱི་བང་ཆེན་གསར་ཁང་ནས་འགན་བཞེས་ཏེ། ཡང་བསྐྱར་པར་བསྐྲུན་དང། བཙན་བྱོལ་ནང་ཁྱབ་སྤེལ་གནང་བ་དེར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཤེས་རིག་ལས་ཁུངས་སུ་ཐ་སྙད་གཏན་འབེབས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པས། དེ་ཚོར་ཕན་ཐོགས་ཡོང་གི་རེད། ཤེས་རིག་ལས་ཁུངས་ནས་ཐ་སྙད་གསར་པ་བོད་ནང་དུ་ཐོན་པ་ཁག་རུག་རུག་བཟོས་ཏེ་དེ་ཚོར་བལྟས། དེའི་ནང་ཐ་སྙད་རྒྱ་མིའི་བསམ་བློ་གཏོང་སྟངས་དང་བྱེད་སྟངས་གཞིར་བཟུང་ཡིན་པ་དེ་ཚོ་དགོས་གལ་ཡོད་མེད་བལྟ་རྒྱུ་དང། བོད་པ་རང་གི་བསམ་བློ་གཏོང་སྟངས་ཀྱིས་མིང་ཆགས་ཡོང་བ་དེ་ཚོར་བདག་པོ་རྒྱག་ཐབས་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་ཡོད་པ་རེད།།
{jcomments on}