བལ་ཡུལ་གྱི་སྲིད་བློན་ལས་གནས་ནས་རྩ་དགོངས་ཞུ་འཆར།

ཟླ་འདིའི་ཚེས་༣༠ ཉིན་བལ་ཡུལ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་དུ་ཆབ་སྲིད་ཚོགས་པ་མང་བ་དང་། དེའི་ནང་ནས་ཆབ་སྲིད་ཚོགས་པ་ཆེ་ཤོས་ལ། སྲིད་བློན་གང་ཞིག་བསྐོ་མིན་ཐད་ནུས་ཤུགས་ཆེན་པོ་ཡོད་ཅིང། ད་ལྟའི་བལ་ཡུལ་གྱི་སྲིད་བློན་ལས་ཐོག་པ་སྐུ་ཞབས་མཱ་ཌ་ཧྤི་ཀུའུ་མར་མཆོག་གིས། སྲིད་བློན་གྱི་དབང་ཆ་བཟུང་ནས་ལོ་གཅིག་ཙམ་ལས་སོང་མེད་ཀྱང། བལ་ཡུལ་གྱི་མཱའོ་ཆབ་སྲིད་ཚོགས་པས་རྩ་དགོངས་ཞུ་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག

བལ་ཡུལ་གྱི་སྲིད་བློན་མཆོག་སྔོན་དུས་ནས་རྩ་དགོངས་ཞུ་འཆར་ཡོད་ཀྱང། བལ་ཡུལ་གཞུང་གི་ཕྱོགས་གཏོགས་དང་མཱའོ་ཕྱོགས་འགལ་ཚོགས་པ་གཉིས་ཀྱི་གཉིས་མོས་ཐོག་ནས། སྲིད་བློན་མཆོག་གིས་འགན་འཁུར་བཞིན་པའི་བལ་ཡུལ་གཞུང་གི་མང་གཙོའི་རྩ་ཁྲིམས་གསར་པའི་སྒྲོམ་གཞི་གཏན་འབེབས་མ་ཟིན་བར། རྩ་དགོངས་ཀྱི་དུས་ཚོད་ཕར་འགྱངས་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང། ད་ཐེངས་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་འབྲེལ་བའི་ལས་དོན་རྣམས་ཚར་ཡོད་པས། མཱའོ་ཆབ་སྲིད་ཚོགས་པས་འཛིན་སྐྱོང་གི་མི་སྣ་བརྗེ་བསྒྱུར་ལ་ཤུགས་སྣོན་རྒྱག་བཞིན་ཡོད་འདུག

སྲིད་བློན་མཆོག་གིས་གསར་འགོད་པར། “བལ་ཡུལ་གྱི་རྩ་ཁྲིམས་གསར་པའི་སྒྲོམ་གཞི་གཏན་འབེབས་ཟིན་པ་དང། མ་འོངས་འཛིན་སྐྱོང་བརྒྱུད་ནས་བལ་ཡུལ་ལུང་པར་ཞི་བདེ་དར་ཁྱབ་ཡོང་ཐབས་དང། ཆབ་སྲིད་ཚོགས་པ་ཁག་གི་རྙོག་འཛིང་རྣམས་གཙང་སེལ་ཡོང་ཆེད་དུ། ང་སྲིད་བློན་གྱི་གོ་གནས་འདི་ནས་རྩ་དགོངས་ཞུ་རྒྱུའི་ཐག་བཅད་ཟིན་པ་ཡིན་”ཞེས་དང། ཁོང་གིས་མུ་མཐུད་ནས། “མཱའོ་ཆབ་སྲིད་ཚོགས་པ་གཙོས་པའི་བལ་ཡུལ་གྱི་ཆབ་སྲིད་པ་ཁག་ལ། ངས་མ་འོངས་པའི་ལངས་ཕྱོགས་ཚད་ལྡན་ཞིག་འཛིན་དགོས་པ་དང། གཡོ་རྒྱུ་དང་ཁྲིམས་འགལ་གྱི་ལས་རིགས་དོར་དགོས་པར་ནན་བརྗོད་བྱས་ཡོད་ཀྱང། ད་དུང་ཡང་མོས་མཐུན་ཡོང་རྒྱུ་ཁག་པོ་འདུག་”ཅེས་བརྗོད་ཡོད་པ་རེད།།

{jcomments on}