༄༅།།གསལ་བསྒྲགས།

བོད་གཞུང་སྨན་རྩིས་ཁང་གི་རིན་ཆེན་རིལ་བུའི་ཐུམ་རྙིང་པ་གྲུ་ཙེ་ཚོན་ལྡན་གྱི་སྒྲིལ་ཡིན་པས་མིའི་ལག་གིས་རེ་རེ་བཞིན་བཏུམ་དགོས་རྐྱེན་རིལ་ཐུམ་རྒྱག་མཁན་ནས་རྒྱུན་དུ་གཙང་སྦྲ་གང་ལེགས་བསྟེན་བཞིན་ཡང། གང་ལྟར་གཙང་འཕྲོད་ཐོག་ཞན་ཆ་ཞིག་ཡོང་བཞིན་པ་དང། ༧གོང་ས་མཆོག་ནས་ཀྱང་བོད་སྨན་དེ་ཚན་རིག་དང་མཐུན་པར་ཟ་བདེ་སྤྱོད་བདེའི་ཐོག་གཙང་འཕྲོད་ཚད་ལྡན་དགོས་པའི་བཀའ་སློབ་རིམ་པར་གནང་ཡོད་པ་བཅས་ལ་བརྟེན། ལོ་མང་སྔོན་ནས་འབྲེལ་ཡོད་རྣམས་གོ་བསྡུར་རབས་དང་རིམ་པར་བྱས་ཏེ་གཙོ་བོར་གཙང་སྦྲ་འཕྲོད་བསྟེན་ལེགས་ཤིང་ཚན་རིག་དང་མཐུན་པ། ལས་ཕྱོད་ཆེ་བ་བཅས་ཀྱིས་དགེ་མཚན་ལ་བརྟེན་ནས་འཕྲུལ་འཁོར་གྱིས་ཐུམ་རྒྱག་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་ཡིན།

ཐུགས་སྣང་ཅན་མང་པོ་ཞིག་གི་དགོངས་ཚུལ་ལ་རིན་ཆེན་རིལ་བུའི་བྱིན་རླབས་ལ་ཉམ་ཆགས་དང། སྲོལ་རྒྱུན་ལ་དོ་ཕོག་སོང་བའི་ངོས་འཛིན་མཛད་ཀྱི་ཡོད་ཚོད་ཀྱང། ལོ་རྒྱུས་ཐོག་རིན་ཆེན་རིལ་བུའི་ཐུམ་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་དང། ཉེ་ལམ་གྱི་འགྱུར་བ་དེ་ཡང་ཕྱི་ཐུམ་གཅིག་པུའི་འགྱུར་བ་ལས་སྤྱི་ལོ་ ༡༩༨༢ ལོར་བཙན་བྱོལ་དུ་རིན་ཆེན་རིལ་བུ་ཐོག་མ་གསར་བཟོ་གནང་བ་ནས་བཟུང་ད་བར་ནང་གི་སྨན་རྒྱུའི་སྦྱོར་བ་དང། ཕབས་རྟ། རིས་མེད་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་བྱིན་རླབས་ཀྱི་ཚན་ཁ། སྨན་སྒྲུབ་བཅས་ལ་བསྲེ་ལྷད་དང་ཉམ་ཆགས་ཏིལ་འབྲུ་ཙམ་ཡང་མེད་པར་གཞུང་བཞིན་ཚད་ལྡན་སྒྲུབ་ཐབས་ཞུས་དང་ཞུ་མུས་དང། སླད་ཀྱང་བོད་སྨན་སྦྱོར་བཟོ་ཟ་བདེ་སྤྱོད་བདེ་དང་གཙང་འཕྲོད་ལེགས་སུ་གཏོང་ཆེད་གཞུང་དང་མན་ངག་གི་པྱག་བཞེད་མ་བརླགས་པ་གཙོ་བཟུང་ཐོག་ཚན་རིག་དང་མཐུན་པའི་འགྱུར་བཅོས་རིམ་པ་གཏོང་རྒྱུར། བོད་སྨན་བསྟེན་གཏུག་གནང་བཞིན་པ་དང་བོད་ཀྱི་གསོ་རིག་ལ་དོ་སྣང་མཛད་མི་ཚང་མས་དེ་དོན་དགོངས་ཆུབ་ཡོང་བ་ཞུ། བོད་གཞུང་སྨན་རྩིས་ཁང་ནས།། སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༩ ཉིན།།                                
འགན་འཛིན།