དཔེ་རིས་རང་མཚང་ཕྱིར་འདྲེན།

ཆ་ལུགས་ཆོས་པའི་དྲ་བ་གཏོར་བྱེད་དེ།།

ཇ་ཡུན་ཙམ་གྱིས་སློབ་པའི་ཚོགས་ཐེངས་འདིར།།

ཉ་ཉོག་སེམས་པ་གཞན་ལ་མ་གཡེངས་ཤིག།

ཏྰ་ལིའི་འདབ་ལྟར་མཛེས་པའི་ལང་ཚོ་འདི།།

ཐ་ན་སྐད་ཅིག་ཙམ་ཡང་ལྷོད་མེད་ཀྱིས།།

ད ནི་ཕྱི་ནང་ཤེས་བྱའི་སྦྲང་རྩིའི་བཅུད།།

ན་ནིང་བཞིན་དུ་ཆད་མེད་ལོངས་དང་ཀྱེ།།

པ་ཊའི་རི་ལྟར་བཀྲ་བའི་རིག་པའི་གནས།།

ཕ་མེས་དམ་པའི་མན་ངག་ཇི་བཞིན་དུ།།

བ་སོ་ལས་དཀར་ལྷག་བསམ་གཡོ་མེད་ཐོག།

མ་ལུས་ཁྱོད་ལ་འདོམས་དུས་སྙིང་པོར་ལོངས།།

ཙ་ཙིག་བྱ་བ་མང་པོ་རྒྱབ་བསྐྱུར་ཏེ།།

ཚ་གྲང་ཁྱད་དུ་གསོད་དེ་རིག་པའི་གནས།།

ཛ་དྲག་དེང་གི་དུས་འདིར་བསྐྱང་པའི་ཐབས།།

ཝ་ལེར་སེམས་ཟུངས་ཤིག་ཕ་བཟང་བུ།།

ཞྭ་སེར་ཅོ་པན་འཆང་བའི་རིང་ལུགས་འདི།།

ཟ་ཟད་སྲིན་འབུའི་མེ་ལྟར་གྱུར་དུས་སུ།།

འ་འུར་འདོད་ཡོན་ཙམ་ལ་མི་ཆགས་པའི།།

ཡ་རབས་ཆོས་མཐུན་ལས་ལ་འཇུག་ཅིག་ཨང་།།

ར་བ་གངས་ཀྱི་མུ་ཁྱུད་རབ་བརྒལ་ཏེ།།

ལ་རྒྱའི་ཤ་ཞེན་ཟབ་མོ་སྙིང་བཅངས་ཐོག།

ཤ་གཅིག་གཞིས་བཞུགས་སྤུན་ཟླའི་དཀའ་སྡུག་རྣམས།།

ས་སྟེང་བདེན་པའི་དཔང་པོར་བསྒྲག་ཐབས་ཀྱིས།།

ཧ་ལོའི་འབོད་སྒྲ་ཁྱོད་ཀྱི་ཕ་སྐད་མིན།།

ཨ་རིའི་སྒོར་མོ་ཁྱོད་ཀྱི་ཕ་ནོར་མིན།།

ཧ་ཧའི་གད་རྒྱང་སྒྲོག་པའི་མཐུ་རྩལ་ཅན།།

ཨ་ཕོའི་དོན་ཆེན་བསྒྲུབ་ལ་གདོང་གྲོགས་མཛོད།།

ཅེས་པ་འདི་རང་གི་སློབ་གྲོགས་འགའ་ལ་འབྲི་དཔེར་སྐུལ་ཚིག་ཏུ་ནག་པང་སྟེང་སྤེལ།།

༢༠༡༠།༤།༦ཉིན།།