ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ།

དེ་ཡང་ཟླ་འདིའི་༡ ཚེས་ཉིན་བྷི་བྷི་སིའི་གསར་འགོད་པས་ཧོང་ཀོང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཟེར་བའི་སྲིད་བྱུས་འོག་ནས། གྲོས་ཚོགས་འཐུས་མི་དང་འབྲེལ་བའི་འཐུས་མི་འདེམས་ཕྱོགས་ཐད། མི་མང་གིས་འོས་འཕེན་ཆོག་པའི་ལྷན་ཁང་རེ་ཟུང་གི་འགོ་ཁྲིད་ཡོད་པ་ལས། གཞན་མང་ཆེ་བ་དབུས་གཞུང་གི་དཔོན་རིགས་ཚོའི་སྟངས་འཛིན་བརྒྱུད་ནས་ཡོང་གི་ཡོད་པ་དང། དེ་བཞིན་མི་མང་གི་རང་དབང་སོགས་ཀྱི་སྐོར་ལ། རྒྱ་ནག་གཞུང་གིས་ལོ་རེ་བཞིན་དམ་བསྒྲགས་དང་བསྒྱུར་བཅོས་གཏོང་གི་ཡོད་པས། ཧོང་ཀོང་མང་གཙོ་ཚོགས་པ་དང་མང་གཙོ་དོན་གཉེར་བའི་སྡེ་ཚན་ཁག་གི་སྣེ་འཁྲིད་འོག་ནས། མི་མང་ཁྲི་ཚོ་བརྒལ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད།

མི་མང་གིས་རྔམ་སྟོན་ཁྲོམ་སྐོར་གྱི་སྐབས། མི་གཅིག་ལ་འོས་ཤོག་གཅིག་གི་ཐོབ་ཐང་དགོས། དབྱིན་གཞུང་གིས་ང་ཚོ་རྒྱ་ནག་ལ་བཙོང་སོང་ཟེར་བ་སོགས་སྐད་འབོད་བྱས་ཡོད་པ་དང།  ད་དུང་སློབ་མ་འགའ་རེས་དབྱིན་གཞུང་འོག་ཡོད་པའི་སྐབས་ཀྱི་རྒྱལ་དར་ཡང་འཁྱེར་ཡོད་འདུག སློབ་མ་མང་པོས་ད་ལྟའི་རྒྱ་ནག་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་འོག་ཏུ་སྡོད་པ་ལས། དབྱིན་ཇིའི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་འོག་ཏུ་རང་དབང་དང་ཐོབ་ཐང་ཆེ་བ་འདུག་ཅེས་བརྗོད་ཡོད་པ་དང།  སྐབས་དེར་དྲག་ཆས་ཉེན་རྟོག་པ་མང་པོ་འབྱོར་ཡོད་འདུག

སློབ་མ་ཞིག་གིས་གསར་འགོད་པར། ཧོང་ཀོང་ནང་རང་དབང་གི་རིན་ཐང་དུས་ཚོད་ཐུང་ཐུང་ཞིག་ནང་བརླགས་འགྲོ་ཡི་འདུག དབྱིན་གཞུང་གི་སྐབས་རང་དབང་དང། བསམ་ཚུལ་འདྲ་མིན་ལ་གུས་བརྩི་བྱེད་པའི་རིན་ཐང་དེ་ངེས་པར་དུ་དྲན་གསོ་བྱེད་དགོས་པ་དང། དེ་རིང་གི་ལས་དོན་འདི་བརྒྱུད་ནས། མི་མང་ལ་རང་དབང་གི་རིན་ཐང་ཇི་ལྟར་ཡིན་མིན་གྱི་སྐོར་གོ་རྟོགས་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།།

{jcomments on}