ས་ཡིག་རྒྱག་དགོས་པ་སོགས་འོས་མིར་ཆ་རྐྱེན་བཏོན་མེད།

ཟླ་འདིའི་ཚེས་༣ ཉིན་དྷ་སར་མངའ་རིས་སྤྱི་མཐུན་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་སྟེ། ཚོགས་གཙོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༧ འཚོགས་པ་དང། དེའི་སྐབས་བགྲོ་གླེང་དང་གྲོས་ཆོད་བྱུང་བ་ཁག་ངོ་སྤྲོད་དང་འབྲེལ། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་བཏོན་པ་དེ་ས་གནས་ཁག་ནས་འོས་མི་ཚོགས་ཆེན་ཐོག་བཏོན་པ་ཁག་ལ་འོས་ཤོག་བླུགས་སྟེ། མང་མོས་རྩེ་བཏོག་བྱས་པ་ཡིན་པ་དང། སྔོན་འགྲོ་ཆ་རྐྱེན་ཡང་གང་ཡང་བཏོན་མེད་ཅེས་འགྲེལ་བརྗོད་གནང་དང། ད་ལྟའི་འོས་མི་རྣམས་ལ་དབུས་རྒྱུན་ནས་རེ་རེ་བཞིན་འོས་བསྡུའི་ནང་དུ་ལངས་རྒྱུ་ཡིན་མིན་ལ་འབྲེལ་བ་བྱུང་མེད་སྐོར་དང། རྗེས་སུ་རིམ་པས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས། ད་ལྟ་འོས་མི་བཏོན་པའི་ནང་འོས་བསྡུའི་ནང་མི་ལངས་མཁན་ཡོད་ན། དེའི་སྐབས་ཁྱབ་བསྒྲགས་ཀྱི་ནང་དུ་ཡོང་གི་མ་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད། བཀའ་བློན་ཁྲི་པའི་འོས་མིའི་ནང་དུ། བཀའ་དྲུང་མི་འགྱུར་རྡོ་རྗེ་དང། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ཡིན་པ་རེད།། {jcomments on}