རིན་ཆེན་བསམ་འགྲུབ་ལ་ལོ་༥ ཡི་བཙོན་འཇུག
རུའུ་ཊར་གསར་ཁང་དུ་རིན་ཆེན་བསམ་འགྲུབ་ཀྱི་ཁྲིམས་རྩོད་པ་ཞིའི་ཅུན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ལོ་གསུམ་རིང་ཆབ་སྲིད་ཀྱི་བདག་དབང་བཙན་འཕྲོག་བྱས་ཡོད་པ་རེད།
རིན་ཆེན་བསམ་འགྲུབ་ནིི་ད་ལོ་རང་ལོ་༤༤ ཡིན་པ་དང། ཁོང་གི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་ད་ལྟའི་ཆར་ཟླ་བ་༢༡ རིང་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་མནར་གཅོད་འོག་ཏུ་ཡོད་པ་མ་ཟད། ཁོང་གི་སྤུན་འབྲིང་བ་ཀརྨ་བསམ་འགྲུབ་ནི། ཟླ་སྔོན་མའི་ཚེས་༢༤ ཉིན་མི་ལོ་བཅོ་ལྔའི་བཙོན་འཇུགས་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་སྤུན་མཆེད་གསུམ་ནི་དུས་རྒྱུན་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང། སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་མཁན་ཡིན་པ་དང། ལྷག་པར་དུ་རིན་ཆེན་བསམ་འགྲུབ་ཀྱིས་དེ་སྔོན་ཁོང་གི་ཕ་ཡུལ་ཁམས་གོ་འཇོ་ཁུལ་དུ། གྲོང་གསེབ་མང་ཚོགས་རྣམས་ལ་ཁུལ་དེར་ཁོར་ཡུག་གཙང་མ་བཟོ་རུ་བཅུག་པ་མ་ཟད། ཤིང་སྣ་འདེབས་འཛུགས་བྱེད་བཅུག་པ་དང། རི་དྭགས་ལ་རྔོན་རྒྱག་རྒྱུ་འགོག་སྡོམ་སོགས་ཀྱི་ལས་འགུལ་ཡང་སྤེལ་མྱོང་ཡོད་པ་རེད། གནད་དོན་དེ་དག་ལ་བརྟེན་ནས་ཕྱི་ལོ་༢༠༠༦ ལོར་རྒྱ་རིགས་ཀྱི་གྲགས་གློག་བརྙན་འཁྲབ་སྟོན་པ་ཇེ་ཊེ་ལིའི་འཛམ་གླིང་གཅིག་གི་ཐེབས་རྩ་ཞེས་པའི་ཚོགས་པས་ཁོང་ལ་ཁོར་ཡུག་གི་བྱ་དགའ་སྤྲད་ཡོད་འདུག
སྐབས་འདིའི་ཁྲིམས་བཤེར་སྐབས་སུ་དེ་སྔོན་རིན་ཆེན་བསམ་འགྲུབ་དང། ཁོང་གི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་གཉིས་ཀྱིས་བཙུགས་པའི་ཨ་ཁྱུང་སེང་གེ་རྣམ་རྫོང་སྐྱེ་ཁམས་ཁོར་ཡུག་ཚོགས་པའི་དྲ་རྒྱའི་ཐོག་ཏུ་༸གོང་ས་མཆོག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་སྐོར་བཀོད་ཡོད་པར་བརྟེན། རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་བཙུགས་ནས་ཁྲིམས་ཐག་བཅད་པ་ཞིག་རེད་འདུག གནད་དོན་འདིའི་ཐད་བཙན་བྱོལ་བོད་གཞུང་ངོས་ནས་ཀྱང་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པར་བློ་ཕམ་ཡོད་སྐོར་གྱི་སྐྱོན་བརྗོད་གནང་ཡོད་པ་རེད།།
གོང་གི་པར་དབང་ཨེ་པི་གསར་ཁང་ལ་ཡོད།
{jcomments on}