སྡེ་དཔོན་བདུན་བཀག་ཉར།

མཛོད་དགེ་རྫོང་མཐའ་མ་སྡེ་བའི་ཆོས་བྷོ་དང༌། རྐྱང་ཚའི་སྒོས་རུ་བའི་དཀོན་བྷོ། རྐྱང་ཚའི་སྐེད་རྒྱུད་ཀྱི་ཨ་རྟམ། ཆུ་ནག་འབྲོག་རྭའི་ལྷ་ཁོ། གཟའ་རུ་སྟོད་མའི་འཇིགས་བྱེད་སྐྱབས། གཟའ་རུ་སྨད་མའི་བློ་གཅེས། ར་རོང་བ་རྡོ་རྗེ་ཚེ་རིང་བཅས་མཛོད་དགེ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། ཁོང་རྣམས་སྡེ་ཤོག་སོ་སོའི་མི་མང་གིས་བསྐོས་པའི་འགོ་པ་དག་ཡིན་འདུག ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་ལོ་ཤས་སྔོན་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་གཡས་གཡོན་གྱི་གྲོང་པ་རྣམས་ཀྱིས་རང་རང་གི་ཁང་ས་ལས་ཕར་བརྒལ་ནས་ཁང་ཁྱིམ་རྒྱ་བསྐྱེད་ཀྱིས་ལམ་ཁ་ཇེ་ཆུང་དུ་བཏང་བས། དགོན་པའི་ནང་དུ་ལྷ་སྡེ་མང་ཚོགས་མཇལ་སྐོར་བའི་རླངས་འཁོར་རེ་ཡར་མར་འགྲོ་དགོས་པའི་སྐབས་སུའང་རླངས་འཁོར་ཤོང་མ་ཐུབ་པའི་དཀའ་ངལ་འཕྲན་བཞིན་པའི་གནས་ཚུལ་ཡོད་པ་དགོན་པའི་ལྷ་སྡེ་རྣམས་ཀྱིས་མཛོད་དགེ་རྫོང་ལ་ཐེངས་ཁ་ཤས་ཡར་ཞུ་བྱས་ནའང། རྫོང་གིས་གནད་དོན་དེ་ཐག་གཅོད་གང་ཡང་མ་བྱས་པར་སྣང་མེད་དུ་བཞག་པར་བརྟེན། དེང་སྐབས་ལམ་ཆེན་དེ་སྔར་ལས་ཀྱང་ཇེ་ཆུང་དུ་འགྲོ་བཞིན་པའི་རྐྱེན་གྱིས་ཉེ་ཆར་ཕྱི་ཟླ་༦ ཚེས་༢༧ ཉིན་དགོན་པའི་ལྷ་སྡེ་རོང་འབྲོག་གི་མི་སྣ་གང་འཚམས་སྟག་ཚང་ལྷ་མོར་འཛོམས་ནས་ལམ་འགྲམ་གཡས་གཡོན་གྱི་གྲོང་པ་དག་ལ་རང་ས་ནས་ཚུར་མི་བརྒལ་བར། ལམ་ཁ་རང་འཇགས་འཇོག་དགོས་པའི་སྐད་ཆ་བཤད་པར་འགྲོ་སྐབས་རེ་ཟུང་གིས་ཉན་ཤེས་མ་ཐུབ་པར་བརྟེན་ཕན་ཚུན་འཁྲུག་པ་ཅུང་ཙམ་བྱུང་སྟེ། ཁང་པ་རེ་ཟུང་གི་སྒོ་དང་སྒེའུ་ཁུང་བཅག་པའི་དོན་རྐྱེན་བྱུང་མ་ཐག མཛོད་དགེ་རྫོང་གི་ཉེན་རྟོག་མི་སྣས་རོང་འབྲོག་ས་ཁུལ་སོ་སོའི་འགོ་དཔོན་གོང་གསལ་རྣམས་འཛིན་བཟུང་བཀག་ཉར་བྱས་པར་མ་ཟད། ཆེད་དུ་མི་མང་འཛོམས་བཅུག་སྟེ་ཟིང་ཆ་སློང་རྒྱུའི་ངན་བྱུས་ཡོད་ཚུལ་ཉེས་འགེལ་གྱིས་དོན་ཆུང་དོན་ཆེན་དུ་བསྒྱུར་ཞིང༌། ཀིརྟི་དགོན་གྲོང་གིས་དེ་སྔ་༢༠༠༨ ལོ་སོགས་སུ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པས། ད་རེས་ཀྱི་དོན་རྐྱེན་འདིའི་ནང་དུའང་སྲིད་དོན་འདྲེས་ཡོད་ཅེས་ཆབ་སྲིད་ཀྱི་དོན་རྐྱེན་དུ་ཁ་བསྒྱུར་གྱིས་འགོ་པ་དང་མང་ཚོགས་བཅས་ཀྱི་ནག་ཉེས་ཚབས་ཇེ་ཆེར་གཏོང་བཞིན་པ་དང༌། ཀླུ་ཆུ་རྫོང་དང་མཛོད་དགེ་རྫོང་ནས་དམག་མི་མང་པོ་གཏོང་འགྲེམས་བྱས་ཏེ་ས་གནས་སུ་དམ་དྲག་ཤུགས་ཆེན་པོ་བྱས་དང་བྱེད་མུས་མ་ཟད། གྲོང་སྡེ་རེ་རེ་བཞིན་དུ་སློབ་གསོའི་ཚོགས་འདུ་ཟེར་བ་བསྡུས་ཏེ་ནག་ཉེས་ངོས་ལེན་དགོས་ཚུལ་སོགས་རྗོད་བཞིན་ཡོད་པ་དང༌། ད་དུང་སྡེ་ཤོག་གཞན་དག་གི་འགོ་པ་རྣམས་ཀྱང་འཛིན་བཟུང་བྱེད་ཉེན་ཡོད་པ་མ་ཟད། གོང་གསལ་འགོ་པ་རྣམས་གང་གི་ཁོངས་སུ་གཏོགས་སའི་ཤང་སྲིད་གཞུང་གི་འགོ་པ་རྣམས་སོ་སོའི་ལས་གནས་ནས་ཕྱིར་ཕུད་བྱས་ཡོད་པ་དང༌། མཛོད་དགེ་རྫོང་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཛིན་རྒྱ་ཁ་ཆེ་བ་ཞིག་ཡོད་པ་དོན་རྐྱེན་འདི་ལ་བརྟེན་ནས་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག །
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གནས་ཚུལ་མཁོ་སྤྲོད་གནང།

{jcomments on}