༧གོང་ས་མཆོག་གི་འཁྲུངས་སྐར་ལ་འགྱུར་བ་གཏོང་དགོས།
འཁྲུངས་སྐར་གྱི་རྣམ་པ་ནི་ལོ་ལྟར་གླུ་ལེན་གར་རྩེད་དང་གཞས་སྣ་འཁྲབ་སྟོན་བྱེད་པ་དང་། ན་གཞོན་མི་ཉུང་བ་ཞིག་གིས་དུས་ཚོད་འདི་དང་བསྟུན་ནས་ཤ་ཆང་ལ་རོལ་བ། མ་ཅང་དང་རྒྱན་རྩེད། གྲོགས་པོ་ཕན་ཚུན་མགྲོན་འབོད་ཀྱིས་གང་བསམ་ཅི་འདོད་ཀྱི་རྒྭད་པའི་ལས་མང་བོ་ཞིག་བྱེད་ཀྱི་ཡོད་པ་བཅས་རེད།
འཁྲུངས་སྐར་དང་སྐྱེ་སྐར་ཞེས་ང་ཚོས་བཤད་སྲོལ་དུ་ཕྱི་རྒྱལ་ནས་བོད་དུ་ཕྱིས་སུ་དུས་རབས་གསར་བའི་ནང་དུ་འགོས་ནད་ཅིག་དང་འདྲ་བར་སླེབས་པར་འདོད་ཀྱི་ཡོད། དེ་ལ་ཡང་གཏན་ནས་བསམ་བློ་གཏོང་ས་མེད་པ་མིན།
གཤམ་དུ་ང་ཚོས་སྐུའི་འཁྲུངས་སྐར་ལ་འགྱུར་བ་གཏོང་་ཕྱོགས་ངེས་སུ་ཞུ་རྒྱུ་ཡིན། ང་ཚོས་འཁྲུངས་སྐར་ཞུ་སའི་མི་དེ་ནི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན་དུས། ང་ཚོས་༧ཁོང་གི་ཐུགས་བཞེད་ལ་དགའ་བསུ་དང་བརྩི་མཐོང་ཡོད་པ་ཞིག་བྱེད་རྒྱུ་དེ་ནི་ང་ཚོས་༧ཁོང་གི་སྐུའི་འཁྲུངས་སྐར་ལ་བཟུང་བའི་རྣམ་འགྱུར་ཡིན་དགོས།
འཁྲུངས་སྐར་གྱི་ཉིན་མོ་འདི་ལ། བོད་མི་ཡོད་དོ་ཅོག་གིས་དམར་ཟས་སྤོང་བ། ཆང་མི་འཐུང་བ། ཤོ་སྤག་མི་རྩེད་པ། ནག་ཚོང་མི་རྒྱག་པ། གཏམ་ངན་མི་ཤོད་པ། ཐ་མག་མི་འཐེན་པ། རྣམ་དཀར་གྱི་ལས་སུ་འབད་འབུངས་བྱེད་པ། རབ་ཡིན་ན། འཁྲུངས་སྐར་དང་བསྟུན་ནས། དམར་ཟས་གཏན་དབང་བྱེད་ཐུབ་ན་རབ་དང་མི་ཐུབ་ཀྱང་། ཚེ་བཟང་དུས་བཟང་ལ་སྤོང་བ། ཆང་གཅོད་པ། ཐ་མག་གཅོད་པ། ཤོ་གཅོད་པ། ནག་ཚོང་མི་རྒྱག་པར་དམ་བཅའ་བ། བོད་མི་ཕན་ཚུན་ལ་དུས་དང་རྣམ་པ་ཀུན་དུ་འཁོན་འཛིང་མི་བྱེད་པར་དམ་བཅའ་བཅས་དུས་དང་རྣམ་ཀུན་དུ་༧ཁོང་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས་རྣམ་དཀར་གྱི་ལས་སུ་ཞུགས་པར་རང་ངོས་ནས་འགོ་འཛུགས་རྒྱུ་དེ་ཡིན།
དེ་ནི་ང་ཚོས་དུས་རབས་འདིའི་ནང་གི་ཆེས་དཀོན་པའི་༧སྐྱབས་མགོན་ཁོང་གི་འཁྲུངས་སྐུར་བསུ་སྟངས་ཀྱི་རྣམ་པ་གསར་བ་ཡིན་ལ། ང་ཚོས་ཀྱང་འདི་དང་བསྟུན་ནས་༧ཁོང་གི་བཀའ་སྲུང་དང་དུ་བླངས་པ་ཡིན། ནམ་ཡང་རང་ཉིད་བོད་མི་ཞིག་ཡིན་པ་སེམས་སུ་བཟུང་དེ་༧གོང་ས་མཆོག་ལ་གཅེས་པའི་བོད་མི་རྣལ་མ་ཞིག་བྱེད་པར་ཁ་ཡོད་ལག་ཡོད་ལ་ཞུགས་ཨེ་ཐུབ་བལྟ་རྒྱུ་དེ་ཡིན།
ཁ་ཤས་ཀྱི་ངས་འདི་ལྟར་གླེང་དུས་ང་ཚོ་བོད་མི་ཚང་མ་གྲྭ་བ་བྱེད་རྒྱུ་ཡིན་ནམ། སྐད་ཆ་དེ་འདྲ་བཤད་པ་ནི་ཀློས་གཏམ་རང་རེད་ཟེར་ཤས་ཆེ། དེ་འདྲ་དགོངས་མཁན་དག་ལ་སེམས་གཏིང་ནས་དགོངས་དག་ཞུས་ཆོག ཚིག་རེ་ཟུང་གི་ཕན་ཐོག་བྱུང་མཁན་དེ་དག་ལ་བོད་མི་ཐ་ཆུང་བ་ཞིག་གི་༧སྐུའི་འཁྲུངས་སྐར་ལ་ཞབས་འདེབས་སུ་ཕུལ་བ་ཡིན།