དྲ་ཐོག་ བགྲོ་གླེང་ད་ལྟར་དངོས་སུ་འགོ་འཛུགས་ཡོད།

ངས་གཤམ་ལ་འདས་ཟིན་པའི་བཀའ་ཁྲི་རྣམས་ཀྱིས་གཙོ་བོ་བོད་ཀྱི་བཀའ་རྙོག་སེལ་ཐབས་ལ་འགན་འཁྲི་གང་ཞིག་བཟུང་བ་གཙོ་གླེང་ཡོད།དེ་ནི་འདས་པའི་ལོ་ཡུན་ནང་གི་ཉམས་མྱོང་དག་བསླབ་བྱ་རུ་བླངས་ནས་འབྱུང་འགྱུར་བཀའ་ཁྲ་ཡི་འགན་ཁྲི་ཅི་ཞིག་གཟུང་དགོས་མིན་ཐད་བགྲོ་གླེང་ལྷུག་པོ་ཡོང་པའི་སླད་དུ་ཡིན། གཞན་ཡང་དྲ་གྲོགས་ཚོས་གཤམ་གསལ་བརྗོད་གཞི་ཡི་ཐོག་གླེང་མོལ་གནང་པ་ལས་གང་བྱུང་ཚིག་མདའ་འཕེན་རེས་དང་དགོས་མེད་ཀྱི་སྐད་ཆའི་ཐོག་ལ་བགྲོ་གླེང་གི་ཕྱོགས་མ་འཁྲིད་རོགས་ཞུ།

༡༩༥༩ནས་༡༩༧༩བར་གྱི་བཀའ་ཁྲི་ཡི་འགན་ཁྲི་གཙོ་བོ།

༡༩༥༩ལོར་རྒྱ་ནག་གི་དྲག་པའི་དབང་ཤུགས་བོད་དུ་བསླེབས་ནས་གྲོས་མོལ་དང་དྲག་པོའི་ནུས་པ་སོགས་གང་གིས་ཀྱང་བོད་ཀྱི་རྒྱལ་ཁབ་བསྐྱབས་མི་ཐུབ་པ་བརྟེན།བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་འདི་འཚོ་གནས་ཀྱི་ཆེད་དུ་༧གོང་ས་མཆོག་གིས་གཙོས་པའི་བོད་རིགས་སྤུན་ཟླ་ཁྲི་ཚོ་ཁ་ཤས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཡོད་པ་དང་།བཙན་བྱོལ་དུ་འབྱོར་མ་ཐག་༧གོང་ས་མཆོག་གིས་མང་གཙོ་ལམ་ལུགས་འོག་གྲོས་ཚོགས་དང་འཛིན་སྐྱོང་ལམ་ལུགས་གཉིས་ཀ་་ལྡན་པའི་སྲིད་གཞུང་གསར་འཛུགས་བྱས་ཡོད།དེའི་སྐབས་བཀའ་ཤག་གི་ཐུགས་འགན་གཙོ་བོ་ནི་ཐག་སློབ་གྲྭ་གསར་འཛུགས་དང་གཞིས་ཆགས་སྲ་བརྟན་དགོན་པ་གསར་འཛུགས།ད་དུང་རྒྱལ་སྤྱི་ཐོག་བོད་ལ་རོགས་སྐྱོབ་འཚོལ་ཐབས་སོགས་ཐུགས་འགན་བཞེས་ཡོད།

༡༩༧༩ནས་༡༩༩༤བར་གྱི་བཀའ་ཤག་གི་འགན་འཁྲི་གཙོ་བོ།

༡༩༧༩ལོར་ཏིང་ཞའོ་ཕིང་གིས་རང་བཙན་ཕུད་པའི་གནད་དོན་གང་ཡིན་ཡང་གླེང་མོལ་བྱ་ཆོག་པའི་ལམ་ཁ་ཡོད་གསུངས་པར་བརྟེན་བོད་གཞུང་དང་རྒྱ་གཞུང་བར་ཐད་ཀར་འབྲེལ་བ་བྱུང་ཡོད།དེའི་ཡུན་སྐུ་ཚབ་ཐེངས་མང་བཏང་ནས་བོད་གནད་དོན་སེལ་ཐབས་བྱས་ཡོད།ཐོག་མའི་སྐུ་ཚབ་གྲས་བོད་གཞུང་གི་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་སོགས་ཕེབས་མྱོང་ཡོད།དེའི་སྐབས་བཀའ་ཤག་གིས་ཐུགས་འགན་གཙོ་བོ་རྒྱ་གཞུང་དང་ཐད་ཀར་འབྲེལ་ལམ་འཛུགས་ནས་བོད་ཀྱི་གནད་དོན་གྲོས་མོལ་ལམ་ནས་སེལ་ཐབས་ལ་ཐོག་གནང་ཡོད།

༡༩༩༤ནས་༢༠༠༡བར་གྱི་བཀའ་ཁྲི་ཡི་འགན་འཁྲི་གཙོ་བོ།

ལོ་མང་རིང་རྒྱ་གཞུང་དང་དངོས་སུ་འབྲེལ་བ་བྱས་ནས་གྲོས་མོལ་ཐེངས་མང་བྱས་ཀྱང་གྲུབ་འབྲས་གཏན་ནས་མི་སོན་པར་བརྟེན།རྒྱ་གཞུང་དང་འབྲེལ་ལམ་བཅད་ནས་རྒྱལ་སྤྱི་ཡི་གནོན་ཤུགས་འོག་ནས་བོད་ཀྱི་གནད་དོན་སེལ་ཐབས་སླད་རྒྱལ་སྤྱི་ཡི་སྟེང་བོད་ཀྱི་གནད་དོན་ཁྱབ་སྤེལ་ཡོང་ཐབས་དང་བོད་དོན་རྒྱལ་སྐྱོབ་རག་ཐབས་སོགས་གནང་ཡོད།ལོ་དེ་གའི་རིང་བཀའ་ཤག་གི་ཐུགས་འགན་གཙོ་བོ་ནི་རྒྱལ་སྤྱི་ཡི་སྟེང་བོད་དོན་རྒྱབ་སྐྱོབ་ཐོབ་ཐབས་དང་བོད་དོན་རྒྱལ་སྐྱོབ་ཚོགས་པ་གསར་འཛུགས་བྱ་ཐབས་སོགས་གནང་ཡོད།

༢༠༠༡ནས་༢༠༡༠བར་གྱི་བཀའ་ཁྲི་ཡི་འགན་འཁྲི་གཙོ་བོ།

མི་དམངས་ཀྱི་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་མཆོག་གིས་ལངས་ཅུང་མ་འགོར་བར་རྒྱ་གཞུང་དང་འབྲེལ་ལམ་བསྐྱར་གསོ་གནང་ནས་སྐུ་ཚབ་ཐེངས་མང་བཏང་ཡོད་།གསུམ་བཅུ་དུས་དྲན་སོགས་སྐད་འབོད་མི་བྱ་བ་དང་ཨོ་ལིན་ཕིག་ལ་ངོ་རྒོལ་མི་བྱ་བ་སོགས་དང་།ཐ་ན་གསུམ་ཅུ་དུས་དྲན་བཤའ་ཤག་གི་གསུང་བཤད་ནང་མེས་རྒྱལ་ཞེས་པའི་ཚིག་ཡན་སྤྱད་ནས་རྒྱ་ལ་བསྟུན་མཁས་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་དང་།ཐ་ན་མང་གཙོ་ཚུན་བློས་བཏང་ནས་རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཞག་གི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་ཆེན་པོ་གནང་ཡོད།་ད་དུང་ཤེས་ཡོན་སྲིད་ཇུས་གཏན་འབེབས་སོགས་ཀྱི་ཕྱག་ལས་མང་པོ་གནང་ཡོད།གང་ལྟར་མི་ལོ་བཅུ་ལ་ཉེ་བའི་རིང་བཀའ་ཁྲི་ཡི་ཐུགས་འགན་གཙོབ་བོ་ནི་བོད་ཀྱི་གནད་དོན་སེལ་ཐབས་སུ་རྒྱལ་སྤྱི་ཡི་ཐོག་རོགས་སྐྱོབ་རག་ཐབས་མི་བྱེད་པར་ཐད་ཀར་རྒྱ་གཞུང་དང་འབྲེལ་ལམ་ཐོག་རྒྱ་ནག་གི་རྩ་ཁྲིམས་འོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་ཐབས་གནང་ཡོད།

༢༠༡༡ལོའི་སྐབས་གསུམ་པའི་འགན་འཁྲི་གཙོ་བོ་ཅི་ཡིན་དགོས་སམ།

འདས་པའི་ལོ་མང་པོའི་ནང་བཀའ་ཁྲི་རྣམས་ཀྱིས་རྒྱལ་སྤྱི་ཡི་ཐོག་རྒྱབ་སྐྱོར་འཚོལ་ནས་རྒྱ་གཞུང་ལ་གནོན་སྤྲད་དེ་བོད་ཀྱི་གནད་དོན་སེལ་ཐབས་དང་།རྒྱ་གཞུང་ལ་བསྟན་མཁས་ཀྱི་ཐོག་ནས་ཐད་ཀར་སྐུ་ཚབ་བཏང་ནས་གྲོལ་མོལ་ལམ་ནསབོད་ཀྱི་གནད་དོན་སེལ་ཐབས་སོགས་མང་པོ་ཞིག་གནང་ཡོད་ཀྱང་ད་བར་བོད་ཀྱི་གནད་དོནགཏན་ནས་སེལ་ཐུབ་མེད།དེས་ན་༧གོང་ས་མཆོག་གི་སྐུ་ཡི་ན་བབ་དང་བོད་ནང་དུ་བོད་ཀྱི་ཆོས་དབང་རིག་གཞུང་ཁོར་ཡུག་གི་ཆགས་འཇིག་སོགས་གང་ལ་བསམ་ཡང་བོད་ཀྱི་དཀའ་རྙོག་མགྱོགས་པོར་སེལ་དགོས་ཆགས་ཡོད།དེས་ན་སྐབས་གསུམ་པའི་བཀའ་ཁྲི་ཡི་འགན་འཁྲི་གང་ཞིག་འཁུར་ནས་བོད་ཀྱི་དཀའ་རྙོག་སེལ་དགོས་པའི་མིན་དང་།ད་དུང་ཆོས་རིག་གཞུང་ཁྱབ་སྤེལ་སོགས་ཀྱིིས་མ་ཚོན་པའི་འགན་འཁྲི་གང་ཞིག་གཟུང་དགོས་མིན་ཐོག་བགྲོ་གླེང་ལྷུག་པོར་གནང་རོགས་ཞུ།