ཆོལ་གསུམ་ཚོགས་པ།
འབངས་རེ་བ་འཆང་ས། །
ལྷ་མི་སྐྱིད་པའི་ཞིང་ཁམས། །
ཕུ་ནུ་མཐུན་པའི་གནས་སུ། །
འདྲེ་སེམས་མི་ལ་བཞུགས་པའི། །
ཆོལ་གསུམ་ཚོགས་པ་ལངས་སོང་། །
ཁར་ཆིག་སྒྲིལ་གྱི་སྙུམ་ཞག་འཁྱིལ།།
ཁོག་ཞེན་ཁོག་གི་ཐལ་བའི་གང་། །
གདོང་འཛུམ་མདངས་ཀྱི་ཉི་འོད་འཕྲོ། །
སེམས་ངན་བྱུས་ཀྱི་མུན་པ་འཁྲིག །
རྗེ་བླ་མས་གཟིགས་ན་ཐུགས་རེ་སྐྱོ། །
རྒྱ་ནག་པོས་རིག་ན་ཡིད་རེ་དགའ། །
འབངས་མི་སྲིང་མཐོང་ན་ཐང་རེ་ཆད། །
བསམ་ཞིབ་ཏུ་བཏང་ནས་བཤད་པ་ན། །
ཆོལ་གསུམ་དགྲ་ལྟར་བཟོས་པའི་ཚོགས་པ་འདི། །
བླུན་པོ་ཁྱུ་གཅིག་འཛོམས་པའི་ཇག་ཚོགས་རེད། །
སྤྱི་སེམས་ལྷག་བསམ་མེད་པའི་གྲོས་ཚོགས་འདི། །
ངོ་ནག་དཔུང་ངོམས་བྱེད་སའི་དགྲ་རྫོང་རེད། །
རྒྱ་དམར་པོ་བཤད་དུས་ཁ་ཞི་དང་ཁོག་ཞི། །
བོད་ནང་ཁུལ་གླེང་དུས་ཁ་འདར་དང་ཁོག་འདར། །
རྗེ་བླ་མར་དེད་པ་ཆེ་ཚུལ་དུ་བཤད་ཀྱང་། །
དོན་ངོ་མ་ཁྲོ་འཐུང་རང་མདོག་དེ་བསྟན་གིན། །
ལྟ་ན་མི་མཐོང་ཉན་ན་མི་གོ་ཞིག་མེད་པས། །
ང་ཚོ་རང་སེམས་སྲུང་ནས་རང་དབང་གི་སླད་དུ། །
ཆོལ་གསུམ་འདྲེ་ཚོགས་སྤྱང་ངུ་རྒྱང་རིང་དུ་བཞག་ནས། །
བླ་མའི་ཐུགས་ཀྱི་དགོངས་པའི་འོད་རླབས་དེ་འཚོལ་འགྲོ། །
འཛམ་གླིང་ས་ཡི་གོ་ལ་རྩེ་མོ་རུ་ཆགས་པ་ཡི། །
གངས་ཅན་རིག་པའི་བང་མཛོད་རྒྱ་སྒོ་དེ་ཕྱེ་ནས་ནི། །
དྲང་བའི་སེམས་ལ་རིག་པའི་རྒྱང་བཤེལ་དེ་ཐོགས་བ་ན། །
ཆོལ་གསུམ་ཆོས་ལུགས་རྩོད་པའི་མཁས་པ་ཞིག་ངས་མ་མཐོང་། །
མི་ལུས་ཟུང་ཁྲག་སྙིང་ནས་འཐོར་བའི་གཡུལ་ས་ཡི་ཁྲོད་ན། །
རིགས་ཞེན་ལ་རྒྱ་སྲོག་ལྟར་གཅེས་པའི་དཔའ་ཚོགས་ཀྱི་དཀྱིལ་ན། །
གངས་རི་ཁྱིམ་ཚང་དང་དུ་འཛིན་པའི་ལོ་རྒྱུས་ཀྱི་ཁྲོད་ན། །
ཕ་མགོ་བུ་ཡིས་གཅོད་པའི་དཔའ་བོ་ཞིག་ང་ཡིས་མ་མཐོང་། །
ས་ཡ་དྲུག་གི་དོན་གྱི་སླད་དུ་༧ རྒྱལ་བས་སྐུ་ངལ་དཔག་མེད་མཛད། །
གཞིས་བཞུགས་སྤུན་ཟླས་ང་ཚོའི་སླད་དུ་རྣམ་ཤེས་མུན་ནག་ཁྲོད་ནས་བགྲངས། །
བྱིས་འབྱོར་འབུམ་གྱིས་རེ་བའི་མིག་ཟུང་དམངས་གཙོ་ཀ་བ་གསུམ་ལ་སྒུག། །
ཀ་བ་གསུམ་གྱིས་ཆོལ་གསུམ་རྩོད་ནས་མི་ལོ་ལྔ་བཅུ་ཧུར་གྱིས་སྐྱེལ། །