ཁྱིམ་བརྒྱུད་གཅིག་ནང་གི་འཛིན་བཟུང་བྱས་པའི་མི་སྣ་དྲུག་པ།

ཚེས་༥ ཉིན་གྱི་དགོང་མོ་ཉེན་རྟོག་པ་བཅུ་གྲངས་ཤིག་ཁོང་ཚོའི་ཁྱིམ་དུ་ཡོང་ནས་གང་བྱུང་བསྔོག་བཤེར་བྱས་པ་དང། དེའི་ནང་གི་ཉེན་རྟོག་པ་ཞིག་གིས་ཉལ་ཁྲིའི་འོག་ཏུ་ཅ་ལག་འཇོག་གྲགས་བྱས་སྐབས། བཀྲ་ཤིས་སྟོབས་རྒྱལ་གྱི་བཟའ་ཟླས་མཐོང་ནས་ཅ་ལག་དེ་ང་ཚོའི་མ་རེད། ཁྱེད་ཚོས་ཅ་ལག་ཁྱེར་ཡོང་ནས་ང་ཚོ་ལ་མ་ཉེས་ཁ་གཡོགས་མ་བྱེད་ཅེས་བཤད་ཡོད་པ་རེད། འོན་ཀྱང་ཉེན་རྟོག་པ་དེ་རྣམས་ཀྱིས་རྒྱུ་མཚན་གང་ཡང་མ་བརྗོད་པར་གང་བྱུང་བསྔོག་བཤེར་བྱས་མཐར་བཀྲ་ཤིས་སྟོབས་རྒྱལ་བཙན་ཁྲིད་བྱས་སོང་ཞེས་ཁོང་གི་སྤུན་ཆུང་བས་བརྗོད་ཡོད་པ་རེད། གནས་ཚུལ་དེའི་སྐོར་ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླ་སྒྲོལ་དཀར་མཚོས་ཟིན་བྲིས་སུ་སྤེལ་བ། ནགས་ཤོད་རིག་རལ་གྱིས་བོད་བསྒྱུར་བྱས་པའི་ནང་འཁོད་པ་ལྟར་ན། གཅུང་མོ་མིག་ཆུས་གདོང་པ་བརླན་བཞིན་དུ་ང་འཚོལ་བར་སླེབས་བྱུང་། ད་ནངས་ཞོགས་པ་ལྷ་ས་ན་ཡོད་པའི་ནུ་བོས་མོ་ལ་གློ་བུར་དུ་ཁ་པར་བཏང་བ་དང་། ལྷིང་ལ་གཞུང་དྲང་བའི་ཁོང་ཚོའི་ཕུ་བོ་བཀྲ་ཤིས་སྟོབས་རྒྱལ་འབོད་པའི་བོད་ཡིག་དགེ་རྒན་དེ་ཉིད་ཁ་ནུབ་མཚན་མོར་ཉེན་རྟོག་པ་བཅུ་གྲངས་འགའ་རེས་ཁྲིད་སོང་ཟེར། ད་ལྟ་ཁོང་རང་གང་དུ་ཡོད་དམ། སུ་ཞིག་གིས་ཀྱང་ཧ་གོ་མཁན་མེད། འཛིན་བཟུང་ལག་ཁྱེར་ཡོད་དམ། སྔར་རྒྱུན་བཞིན་ག་ལ་ཡོད། ང་རང་ཧང་ཅུང་ཟད་སངས་བྱུང་ལ་འཚབ་ཤ་ཡང་ལངས་བྱུང་། འདི་ནི་མི་དྲུག་པ་ལ་བབས་པ་རེད། བཀྲ་ཤིས་སྟོབས་རྒྱལ་ནི་རིན་ཆེན་རྡོ་རྗེའི་ཕ་གཅིག་པའི་ནུ་བོ་རེད། ཁོང་ནི་གར་སོང་ཆ་མེད་དུ་གྱུར་པའི་ཕུ་བོ་རིན་ཆེན་རྡོ་རྗེ་འཚོལ་བཞིན་པའི་སྒང་ཡིན་མོད། ད་ལྟ་ཁོང་རང་ཡང་འདི་ལྟར་བོར་བ་རེད། སྐྱི་གཡའ་དགོས་པའི་གྲིབ་ནག་འདི་ལྟར་མཆེད་བཞིན་ཡོང་ན། འདི་ལ་མཐའ་དང་མུ་ཞིག་ཡོད་སྲིད་དམ། ཁོང་གི་ནུ་བོས་ཟེར་ན། བཀྲ་ཤིས་སྟོབས་རྒྱལ་ནི་ཁ་ནུབ་མཚན་མོ་མི་མང་པོ་ཞིག་གིས་ཁྲིད་ཕྱིན་པ་དང་། མི་དེ་དག་ནང་དུ་སླེབས་དུས་གཅིག་གིས་ཅ་དངོས་གང་ཞིག་ཉལ་ཁྲིའི་འོག་ཏུ་སྦས་སྐབས་ཏག་ཏག་ཁོང་གི་བཟའ་ཟླས་མཐོང་བ་མ་ཚད། དེ་ང་ཚོའི་ནང་གི་མ་རེད། ཁྱོད་ཚོས་ག་རེ་ཁྱེར་ཡོད་ཀྱང་ང་ཚོའི་ནང་ལ་ཁ་དཀྲིས་འདོགས་ས་མ་འཇོག་ཅེས་བཤད་འདུག མི་བཅུ་གྲངས་དེ་དག་གིས་མུ་མཐུད་ཁང་པའི་ནང་དུ་ཕར་སྔོག་ཚུར་སྔོག་བྱེད་རྒྱུ་འཁེལ་བ་དང་། མཐའ་མ་ལག་སྟོང་འབྲས་མེད་གང་ཡང་མ་རྙེད་མོད། བཀྲ་ཤིས་སྟོབས་རྒྱལ་ཟེར་བའི་མི་འདི་འཁྲིད་འགྲོ་བ་ལ་ཐེ་ཚོམ་སྤུ་ཙམ་མི་འདུག ཁོང་གང་དུ་ཁྲིད་ཕྱིན་ཡོད་དམ། རྒྱུ་མཚན་གང་གིས་ཁྲིད་ཕྱིན་པ་ཡིན་ནམ། གདོང་གིས་བསུ་དགོས་པ་ཅི་ཞིག་ཡིན་སྲིད། སྔར་བཞིན་མ་ཉེས་ཁག་གཡོགས་ཀྱི་ཉེས་པ་ཞིག་གི་འོག་ཏུ་སྡུག་སྦྱོང་མནར་གཅོད་གཟེད་དགོས་པ་ཡིན་ནམ། ཁྱིམ་རྒྱུད་འདིའི་མནའ་མ་ཞིག་གི་ངོས་ནས་བཤད་ན། ངས་གདོང་གིས་བསུ་དགོས་པ་ནི་ཁྱིམ་ཚང་འདིའི་ནང་གི་གྲངས་མང་བའི་རྒན་འཁོགས་དང་བྱིས་པ་རེད། ངོ་མ་ངས་འབྲས་སྐྲན་གྱི་ནད་འབུ་ལྟར་ཉིན་བཞིན་མཆེད་ཡོང་བའི་འཇིགས་སྐུལ་དང་སྐྲག་སྣང་འདི་དག་གིས་ང་ཚོ་ལ་གང་ཞིག་ཁྱེར་འོང་བ་ཤེས་ཀྱི་མི་འདུག་ལ། འཇིག་རྟེན་འདི་རུ་སྒྲུང་གང་འདྲ་ཞིག་བསྐྲུན་སྲིད་པ་ཡང་ད་ལྟ་ཚོད་དཔག་ཐུབ་ཀྱི་མི་འདུག བུ་མོས་ང་ལ། ཨ་མ། ངའི་སྐྱེས་སྐར་ཟིན་གྲབས་འདུག ཨ་ཕས་ང་ལ་ལག་རྟགས་ཉོས་ནས་སྐྱེས་སྐར་མཉམ་དུ་རོལ་བའི་ཁ་ཆད་བྱས་བྱུང་བས། ཁྱེད་ཀྱིས་ཡིན་ཅིག་ཁོང་རང་ལོག་ཤོག་ལབ་ཨ་ཟེར། འོ་ཡ། ཨ་མས། ང་ཚོས་འཇིག་རྟེན་འདི་ལ་འདི་ལྟར་བརྗོད་པར་བྱེད། ཨ་ཕ་དང་ཨ་ཁུ། ཨ་ཞང་ཚོ་ངེས་པར་དུ་སྔ་ཙམ་ནང་དུ་ལོག་གཏོང་རོགས། མཆན། བཀྲ་ཤིས་སྟོབས་རྒྱལ་ནི་རྩི་རོང་སྡེ་བར་དེང་རབས་ཀྱི་སློབ་གསོ་འཕྲོད་མྱོང་བ་མ་ཟད་དགེ་རྒན་ཆགས་པའི་གཞོན་སྐྱེས་གཅིག་པུ་དེ་ཡིན་པ་དང་། ཁོང་རང་གཞུང་དྲང་ལ་ལྷག་བསམ་དཀར་བ་དང་། ས་དེ་གའི་སློབ་གསོ་ལེགས་སུ་གཏོང་བར་ནུས་པ་མི་དམན་པ་ཕུལ་ཡོད། ཇོ་བོའི་ཐུགས་རྗེ་དང་འཛམ་གླིང་སྐྱེ་བོ་རྣམས་ཀྱི་ཕྱག་རོགས་ལ་བརྟེན་ནས་ཁོང་ཉིད་མྱུར་དུ་རྙེད་ཐུབ་པར་ཤོག ། གོང་དུ་བཀོད་པ་ནི་ཟིན་བྲིས་བཞི་རྒྱ་གཞུང་ནས་བཙན་བཀག་བཏང་བའི་རྗེས་སྒྲོལ་དཀར་མཚོ་མོས་ཟིན་བྲིས་ལྔ་པ་སྒོ་ཕྱེས་ཏེ་སྤེལ་བའི་རྩོམ་རེད།ཀརྨ་བསམ་གྲུབ་ཚང་ནས་འཛིན་བཟུང་བྱས་པའི་མི་བུ་དྲུག་པོ། རིན་ཆེན་བསམ་གྲུབ། ཀརྨའི་གཅེན་པོ། དགུང་ལོ་༤༥ ཞིང་པ་དང་ཁོར་ཡུག་སྲུང་སྐྱོབ་པ་རེད། ཁོང་གིས་དྲ་ཚིགས་ངོས་སུ་༸གོང་ས་མཆོག་དང་འབྲེལ་བ་ཡོད་པའི་རྩོམ་ཞིག་བརྒྱུད་འགོད་བྱས་པའི་དབང་གིས། ༢༠༠༩ ལོའི་ཟླ་༨ པར་རྒྱ་གཞུང་ནས་འཇུས་པ་དང་ད་ཆ་བཙོན་ཆད་ལོ་5བཅད་ཡོད། ཀརྨ་བསམ་གྲུབ། དགུང་ལོ་༤༢ ཚོང་པ་དང་རིག་དངོས་གཅེས་ཉར་པ། ཁོར་ཡུག་སྲུང་སྐྱོབ་པ་རེད། གནའ་དུར་ལྐོག་སྔོག་གི་ཉེས་པ་ཟེར་བ་མ་ཉེས་ཁ་གཡོགས་འོག་༢༠༡༠ ལོའི་ཟླ་དང་པོར་འཇུས་པ་དང་ད་ཆ་བཙོན་ཆད་ལོ་༡༥ བཅད་ཡོད། འཆི་མེད་རྣམ་རྒྱལ། ཀརྨའི་གཅུང་པོ། དགུང་ལོ་༤༠ ཙམ། ཞིང་པ་དང་ཁོར་ཡུག་སྲུང་སྐྱོབ་པ་རེད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་པ་ཟེར་བར་ཁ་དཀྲིས་ནས་༢༠༠༩ ལོའི་ཟླ་༨ པར་འཇུས་པ་དང་ངལ་རྩོལ་བསྒྱུར་བཅོས་ལོ་༡ དང་ཟླ་བ་༩ བྱེད་པའི་ཁྲིམས་ཐག་བཅད་ཡོད། རིན་ཆེན་རྡོ་རྗེ། ཀརྨའི་སྲུ་མོའི་བུ། ཀརྨ་དང་ན་ཟླའི་ཚོད་རེད། དགེ་འདུན་པ། ཀརྨ་ཤིན་ཅང་དུ་འགྲོ་དུས་སྐད་སྒྱུར་བྱེད་མྱོང་ཡོད། ༢༠༡༠ ལོའི་ཟླ་༣ པར་འཇུས་པ་དང་མིག་སྔར་འཆི་གསོན་གོ་རྒྱུ་མེད་ལ་གར་སོང་ཆ་མེད་རེད། བསོད་ནམས་ཆོས་འཕེལ། ཀརྨའི་ཨ་ཁུའི་བུ། དགུང་ལོ་༦༠ ལྷག་རེད། ཞིང་པ། གོང་གཏུག་སྒྲིག་འཛུགས་བྱས་པའི་དབང་གིས་༢༠༡༠ ལོའི་ཟླ་༣ པར་འཇུས་པ་དང་ངལ་རྩོལ་བསྒྱུར་བཀོད་ལོ་༡ དང་ཕྱེད་ཀ་བྱེད་པའི་ཁྲིམས་ཐག་བཅད་ཡོད། བཀྲ་ཤིས་སྟོབས་རྒྱལ། ཀརྨའི་སྲུ་མོའི་བུ། རིན་ཆེན་རྡོ་རྗེ་དང་ཕ་གཅིག་བུ་སྤུན་རེད། བོད་ཡིག་དགེ་རྒན། དགུང་ལོ་༣༠ སོ་གྲངས་རེད། ༢༠༡༠ ལོའི་ཟླ་༧ ཚེས་༥ ཉིན་གྱི་དགོང་མོ་ཉེན་རྟོག་པ་བཅུ་གྲངས་ལྷ་སའི་ཁྱིམ་དུ་ཡོང་ནས་ཁོང་ཁྲིད་སོང་བ་དང་ད་བར་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག །
 
གོང་གི་འདྲ་པར་འོད་ཟེར་ཟིན་བྲིས་ནས་བཤུས།
{jcomments on}