འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པའི་བྱ་དགའ་སི་པན་ལ་ཐོབ་པ།
རྩེད་འགྲན་དངོས་སུ་འགོ་འཛུགས་མ་བྱས་པའི་སྔོན་དུ་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཏུ་འཚོགས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་ཐེངས་༡༩ པ་མཇུག་བསྡུ་ལ་ཉེ་བའི་མཛད་སྒོ་འཚོགས་ཤིང། མཛད་སྒོའི་ཐོག་ཏུ་འཛམ་གླིང་ཐོག་སྙན་གྲགས་ཡོད་པའི་གཞས་མ་ཤཱ་ཀིའི་ར་དང་གཞན་ལྷོ་ཨ་ཧྤི་རི་ཁའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་བ་མང་པོ་མཉམ་འཛོམས་ཀྱིས་རྐང་སྤོལ་གྱི་ཆེས་མཐའ་མའི་འགྲན་སྡུར་ལ་བསུ་བ་ཞུས་ཡོད་པ་རེད།
འགྲན་སྡུར་དངོས་སུ་འགོ་འཛུགས་སྐབས་ནེ་དྷར་ལན་ཌི་དང། སི་པན་རྒྱལ་ཁབ་སོ་སོའི་རྒྱལ་དར་རྩེད་ཐང་དུ་དཔྱང་ནས་རྒྱལ་གླུ་བླངས་རྗེས། ལྟད་མོ་བ་སྟོང་ཕྲག་མང་པོའི་དགའ་བསུའི་ཁྲོད་དུ་ཆེས་མཐའ་མའི་འགྲན་སྡུར་དེ་ཉིད་འགོ་འཛུགས་བྱས་ཡོད་པ་རེད། འགྲན་སྡུར་གྱི་དུས་ཚོད་སྐར་མ་༩༠ ནང་དུ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་མ་ཐུབ་པར་ཡང་བསྐྱར་སྐར་མ་སུམ་ཅུ་ཁ་སྣོན་གྱིས་རྩེད་འགྲན་བྱས་པས། མཐར་སི་པན་གྱིས་སྤོ་ལོ་གཅིག་བླུགས་པ་དང། དུས་ཚོད་ཡོངས་སུ་རྫོགས་དུས་ནེ་དྷར་ལན་ཌིས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པར་བརྟེན་སི་པན་ལ་མཐའ་མའི་རྒྱལ་ཁ་དེ་ཐོབ་ཡོད་པ་རེད།
ཐེངས་འདིའི་འཛམ་གླིང་རྐང་སྤོལ་གྱི་བྱ་དགའ་ཁག་བདུན་ཡོད་པ་དེ་དག་ཐོབ་མཁན་ནི། དང་པོ། གསེར་གྱི་བུམ་པ་ཐོབ་མཁན་སི་པན་རྒྱལ་ཁབ། གཉིས་པ། གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ་མཁན། ཡུ་རུ་གྷུའེ་རྒྱལ་ཁབ་ཀྱི་རྩེད་འགྲན་པ་རང་ལོ་༣༡ ཡིན་པ་ཌའེ་གྷོ་ཧྥོར་ལན། གསུམ་པ། གསེར་ལྷམ་གྱི་བྱ་དགའ་ཐོབ་མཁན། འཇར་མན་རྒྱལ་ཁབ་ཀྱི་རྩེད་འགྲན་པ་རང་ལོ་༢༡ ཅན་གྱི་ཐོ་མཱ་སི་མུ་ལར། བཞི་པ། གསེར་གྱི་ལག་ཤུབ་ཀྱི་བྱ་དགའ་ཐོབ་མཁན། སི་པན་རྒྱལ་ཁབ་ཀྱི་རྐང་སྤོལ་སྒོ་སྲུང་བ་རང་ལོ་༢༩ ཅན་ཨའེ་ཀར་ཁེ་སི་ལ། ལྔ་པ། བཟང་སྤྱོད་རྩེད་འགྲན་གྱི་བྱ་དགའ་ཐོབ་མཁན། སི་པན་རྐང་སྤོལ་རུ་ཁག དྲུག་པ། མཐའ་མའི་འགྲན་སྡུར་ཁྲོད་ཀྱི་རྩེད་ཕུད་རྩེད་མོ་བའི་བྱ་དགའ་ཐོབ་མཁན། ཆེས་མཐའ་མཇུག་འགྲན་སྡུར་ཐོག་སྤོ་ལོ་གཅིག་མཁན་བླུགས་མཁན་སི་པན་གྱི་རྩེད་འགྲན་པ་ཨན་ཌཱ་ར་སི། བདུན་པ། ན་གཞོན་ཕུལ་བྱུང་རྩེད་འགྲན་པའི་བྱ་དགའ་ཐོབ་མཁན། འཇར་མན་རྒྱལ་ཁབ་ཀྱི་རྩེད་འགྲན་པ་རང་ལོ་༢༡ ཅན་གྱི་ཐོ་མཱ་སི་མུ་ལར་བཅས་ཡིན་པ་རེད།།
{jcomments on}