སྦེལ་རྗམ་དུ་བོད་ཀྱི་རིག་གཞུང་སྐོར་གྱི་ཟབ་སྦྱོང།
དེང་སྐབས་སྦེལ་རྗམ་དུ་ཡོད་པ་བཙུན་དགོན་སྒྲོལ་མ་གླིང་གི་དགེ་རྒན་ཟུར་པ་ལྷག་པ་དང། དེ་བཞིན་བློ་བཟང་དབང་འདུས་སོགས་ཀྱིས་གཙོ་འགན་ཁུར་ནས་དབྱར་དུས་ཀྱི་གུང་སེང་དང་བསྟུན་ཟབ་སྦྱོང་དེ་འཚོགས་པ་ཞིག་ཡིན་པ་དང། བོད་ཕྲུག་ལོ་༧ ནས་༡༥ བར་གྱི་སློབ་ཕྲུག་གྲངས་༢༡ ཙམ་མཉམ་ཞུགས་བྱས་ཡོད་པ་རེད། ཉིན་དེ་དག་གི་རིང་བོད་ཀྱི་སྐད་ཡིག་དང། རི་མོ། གཞས་ཞབས་བྲོ་དང། ལུས་སྦྱོང་ཡོ་ག བོད་ནང་གི་གནས་སྟངས་སྐོར་སོགས་སློབ་ཁྲིད་གནང་འདུག་པ་དང་། སློབ་ཕྲུག་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། ལོ་རྗེས་མ་རྣམས་སུ་མུ་མཐུད་དུ་ཟབ་སྦྱོང་འཛིན་གྲྭ་དེ་འཚོག་རྒྱུའི་འཆར་གཞི་ཡོད་འདུག དེ་བཞིན་རྒན་ལྷག་པ་ལགས་སྦེལ་རྗམ་དུ་ཕེབས་ནས་ད་བར་རེས་གཟའ་སྤེན་པ་ནམ་ཡིན་ལ་ཁོང་བཞུགས་སའི་ཉེ་འགྲམ་དུ་ཡོད་པའི་བོད་ཕྲུག་ཚོར་རང་མི་རིགས་ཀྱི་ཆོས་དང་སྐད་ཡིག་སྐོར་སློབ་ཁྲིད་གནང་བཞིན་ཡོད་འདུག་པ་དང་། ད་དུང་ས་གནས་གཞན་གཉིས་སུའང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཡུལ་ཁག་གཉིས་ཙམ་ཡོད་འདུག ད་ལྟའི་ཆར་སྦེལ་རྗམ་དུ་སྔ་ཕྱིར་འབྱོར་བའི་བོད་རིགས་སྐྱབས་བཅོལ་བ་གྲངས་ཆིག་སྟོང་ཙམ་ཡོད་པ་རེད།།
{jcomments on}