རྒྱ་ནག་གིས་མེ་འཁོར་ལྕགས་ལམ་པཱ་ཀི་སི་ཐན་དུ་མཐུད་འཆར།
ཟླ་འདིའི་ཚེས་༡༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། པཱ་ཀི་སི་ཐན་གྱི་ས་ཁུལ་གྷིལ་ཇཱི་བྷལ་ཊི་སི་ཐན་ Gilgit-Baltistan དང་ཧི་མ་ཡི་རི་བརྒྱུད་ཀྱི་གངས་རི་ཀཱ་རཱ་ཀོ་རམ་ Karakoram གཉིས་དབར། རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་མཐུད་འཆར་ཡོད་པས། གནད་དོན་འདི་ནི་རྒྱ་གར་གཞུང་གིས་དོགས་ཟོན་བྱེད་དགོས་པ་ཞིག་ཆགས་ཡོད་པ་དང། ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་གཞུང་ལ་རྡུལ་ཕྲན་མཚོན་ཆའི་མ་ལག་གཉིས་འཚོང་རྒྱུའི་གྲོས་འགོ་བཏོན་ཡོད་པས། ཨ་རི་དང་རྒྱ་གར་གཞུང་གཉིས་ཀར་སེམས་ཚབས་ཆེན་པོ་ལངས་ཡོད་པ་དང། ད་ཐེངས་ཀྱི་མེ་འཁོར་ལྕགས་ལམ་མཐུད་སའི་ས་ཁུལ་དེ་ནི། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་ལོ་མང་ཕྱིན་པའི་རྩོད་གཞི་ཅན་གྱི་ས་ཁུལ་ཆགས་ཡོད་པས། རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་འཆར་འགོད་དེ་རྒྱ་གར་དབུས་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་དོགས་ཟོན་བྱེད་བཞིན་ཡོད་པ་རེད།
པཱ་ཀི་སི་ཐན་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་རྣམས་ལུང་འདྲེན་བྱས་པ་ལྟར་ན། པཱ་ཀི་སི་ཐན་གྱི་སྲིད་འཛིན་རྒྱ་ནག་ཏུ་འགྲོ་གཏན་འཁེལ་ཡོད་པ་དང། སྐབས་དེར་མེ་འཁོར་ལྕགས་ལམ་གྱི་འཆར་འགོད་ལ་མིང་རྟགས་འགོད་རྒྱུ་ཡིན་ཞིང། ཕྱོགས་གཉིས་ཀྱི་ས་ཁུལ་དུ་ལྕགས་ལམ་འབྲེལ་མཐུད་བྱེད་པར་རྒྱང་ཚད་མཱེ་ལི་༤༢༣ ཡོད་པ་དང། དེ་གྲུབ་ནས་པཱ་ཀི་སི་ཐན་གྱི་གྲོང་ཁྱེར་ཆེ་ཁག་ཏུ་རིམ་གྱིས་ལྕགས་ལམ་འབྲེལ་མཐུད་བྱེད་འཆར་ཡོད་པ་རེད།
སྤྱིར་འཆར་འགོད་འདི་༢༠༠༤ འགོ་འཛུགས་བྱས་ཡོད་ཀྱང་ལག་བསྟར་བྱེད་ཐུབ་མེད་པ་དང། ད་ཐེངས་པཱ་ཀི་སི་ཐན་གྱི་སྲིད་འཛིན་དང་མེ་འཁོར་བློན་ཆེན་སོགས་དང། རྒྱ་ནག་གི་དཔོན་རིགས་ཚོའི་དབར་གྲོས་མོས་གྲུབ་མ་ཐག འཆར་འགོད་འདི་ལག་བསྟར་བྱེད་འཆར་ཡོད་སྐོར་ཁྱབ་བསྒྲགས་བྱས་ཡོད་འདུག །
{jcomments on}