བོད་རང་བཙན་གྱི་གོམ་བགྲོད་མཇུག་བསྡུས་འདུག
གོམ་བགྲོད་པ་བོད་མི་བཅུ་ཙམ་ཡོད་པ་དང། ཝ་ཤིང་ཊོན་དུ་འབྱོར་སྐབས། ས་གནས་བོད་ཀྱི་གཞོན་ལྷན་དང། ས་གནས་བུད་མེད་ཚོགས་པས་སྣེ་ལེན་བྱས་པ་དང། མཇུག་བསྡོམས་གྱི་ཉིན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སུམ་ཅུ་ཙམ་གྱིས་རྒྱ་ནག་གཞུང་ཚབ་མདུན་དུ་བོད་ནང་འགྲོ་བའི་མིའི་ཐོབ་ཐང་དགོས་པའི་ངོ་རྒོལ་སྐད་འབོད་དང། དེ་འབྲེལ་གྱི་ངོ་སྤྲོད་གསུང་བཤད་གནང་རྗེས། བོད་གཞས་མི་མང་ལངས་གླུ་བཏང་སྟེ་གོམ་བགྲོད་མཇུག་བསྡུས་ཡོད་པ་རེད།
གོམ་བགྲོད་པའི་ནང་དགུང་ལོ་ཆེ་ཤོས་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཡིན་པ་དང། ཁོང་གིས། “གཙོ་བོ་བོད་ནང་གི་བོད་པ་ཚོའི་གནས་སྟངས་ང་ཚོས་ཤེས་ཀྱི་ཡོད་ལ། ང་ཚོས་འཇོན་ཡང་མ་འཇོན་ཡང། བོད་ནང་གི་བོད་པ་ཚོ་བརྗེད་མེད། བོད་ཀྱི་རང་དབང་འཐབ་རྩོད་མུ་མཐུད་བྱེད་རྒྱུ་ཡིན་”ཞེས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བརྒྱུད་དེ་གསུངས་ཡོད་པ་རེད། ཉིན་མཐའ་མའི་གོམ་བགྲོད་ཉིན་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་ཀྱང་མཉམ་ཞུགས་གནང་ཡོད་འདུག
རྒྱ་ནག་གཞུང་ཚབ་ཁང་དུ་བོད་དོན་གྱི་ཡིག་ཆ་ཞིག་བསྐུར་ཡོད་པའི་ནང། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དང། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་དགོས་པ་དང། བོད་ནང་གི་དམག་མི་ཕྱིར་འཐེན་གྱིས་བོད་ལ་བོད་ཀྱི་རང་དབང་རྩིས་སྤྲོད་དགོས་སྐོར་སོགས་འཁོད་ཡོད་པ་རེད། །{jcomments on}