གསལ་བསྒྲགས།
གཞན་ཡང་། སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་དང་། དེ་བཞིན་སྡེ་དྲུག་སྐུ་ཕྲེང་རིམ་བྱོན་ལྷོ་ཁ་ཁུལ་གྱི་རྩ་སྐོར་དགོན་པའི་བླ་མ་ཡིན་ཞེས་པས་ཀྱང་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་སྐྱེས་ཆེན་དམ་པ་དེ་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་འཁྱོགས་བཤད་ཅིག་ཡིན་པ་ལས། དོན་དངོས་ཐོག་འབྲས་བློ་གླིང་རྒྱལ་རོང་སྡེ་དྲུག་ཧོ་ཐོག་ཐུ་སྐུ་གོང་མ་འཇམ་དཔལ་སྐལ་བཟང་ཆོས་ཀྱི་དབང་ཕྱུག་མཆོག་སྐུ་ཕྲེང་དྲུག་པ་ཡིན་པ་དང་། སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཐོག་རེ་གཉིས་པ་ཁྲི་ཆེན་བློ་བཟང་སྨོན་ལམ་མཆོག་ནི་ཤར་རྒྱལ་མོ་རོང་སྤྲོ་སྣང་ཡུལ་དུ་སྐུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་ཀྱི་སློབ་གཉེར་མཛད། སྐུ་འཕྲེང་གཉིས་པ་དགའ་ལྡན་ཁྲི་ཐོག་དོན་དྲུག་པ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག་ཀྱང་ཤར་རྒྱལ་མོ་རོང་དུ་སྐུ་འཁྲུངས་ཤིང་། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་གཉིས་པ་ཆེན་པོའི་ཡོངས་འཛིན་གནང་བ་མ་ཟད། བོད་ཀྱི་སྲིད་སྐྱོང་རྨད་བྱུང་མཛད་རྗེས་ཅན་ཞིག་ཡིན་པར་བརྟེན་སྐབས་དེའི་བོད་གཞུང་དགའ་ལྡན་ཕོ་བྲང་ནས་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་ལེགས་སྐྱེས་སུ་ལྷོ་ཁ་ཕྱོགས་ནས་གཞིས་ཀ་དྲུག་གི་མངའ་ཁོངས་ཀྱི་དགོན་ཁག་རྣམས་ཕུལ་བ་ནས་བཟུང་སྡེ་དྲུག་རིན་པོ་ཆེ་ཞེས་མཚན་སྙན་ཡོངས་སུ་གྲགས། འོན་ཀྱང་ཁོང་གི་གཞིས་དགོན་ནི་ཤར་རྒྱལ་མོ་རོང་སྤྲོ་སྣང་གླིང་ཆེན་དགོན་ཡིན་པ་དང་། འབྲས་བློ་གླིང་རྒྱལ་རོང་ཁང་ཚན་གྱི་བླ་ཆེན་ཞིག་ཡིན་པ་སོགས་དངོས་ཡོད་ཀྱི་ལོ་རྒྱུས་ལ་བཅོས་སུ་ག་ལ་མཆིས།
ཕྱི་ལོ་༡༩༥༩ རྗེས་སུ་བླ་བྲང་གཞུང་བཞེས་དང་ཁྱད་པར་དུ་ཡང་ལྷ་འདྲེ་གདོན་བགེགས་ཀྱི་མིང་བཏགས་ཏེ་འཐབ་རྩོད་དྲག་པོས་འཆི་མ་གསོན་གྱི་གནས་སུ་བསྐྱལ་ཡོད་ཀྱང་། ད་ལྟའི་ཆར་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ཏེ་སྤྲུལ་སྐུ་ངོས་འཛིན་དང་ཆེ་མཐོང་གནང་ཁུལ་གྱི་གཡོ་སྒྱུའི་རྣམ་པ་འདི་འདྲ་ཞིག་སྟོན་དོན། མ་འོངས་པར་ཆབ་སྲིད་ཀྱི་ལག་ཆ་ཆེན་པོ་ཞིག་ཡོང་རེའི་མ་རུང་ཁོག་བཅང་གི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
རྒྱ་གར་ལྷོ་ཕྱོགས་འབྲས་བློ་གླིང་རྒྱལ་རོང་ཁང་ཚན་ནས་ཕྱི་ལོ་༢༠༡༠ ཟླ ༧ ཚེས ༡༣ ཉིན།།