འཇར་མན་སྲིད་བློན་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་འདུག

དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་སྲིད་བློན་ཨན་ཇི་ལ་མར་ཀཱལ་པེ་ཅིང་དུ་ཕེབས་སྐབས། རྒྱ་ནག་གི་སྲིད་བློན་ཝོན་ཇཱ་བྷའོ་ཡིས་སྣེ་འཁྲིད་ནས་དམག་གི་རུ་བསྟར་དང་བཅས་ཏེ་དགའ་བསུ་གཟབ་རྒྱས་ཞུས་ཡོད་པ་དང།  ད་ཐེངས་སྲིད་བློན་རྒྱ་ནག་ཏུ་ཕེབས་དོན་གཙོ་བོ་ནི། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྱི་གནས་བབས་རྒྱུན་གནས་དང་སྲ་བརྟན་གཏོང་ཆེད་དུ་ཡིན་པ་དང། ཕྱོགས་གཞན་ཞིག་ནས་ཨ་རིའི་རྒྱལ་དོན་དྲུང་ཆེ་དང་ནོར་སྲིད་བློན་ཆེན་སོགས། དེང་སྐབས་རྒྱ་ནག་ཏུ་བསྐྱོད་ནས་ཚོང་འབྲེལ་གྱི་གནས་བབས་དང་། དངུལ་སྒོར་གྱི་འཛའ་ཐང་སོགས་ཀྱི་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་འཚམས་འགྲོ་བཞིན་ཡོད་པས། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་དམ་ཟབ་ཏུ་གཏོང་འཆར་ཡོད་པ་རེད།

jarmanchain༢༠༠༧ ལོར་འཇར་མན་གྱི་སྲིད་བློན་༧གོང་ས་མཆོག་མཇལ་འཕྲད་གནང་སྐབས། རྒྱ་ནག་གཞུང་གིས་འཇར་མན་གཞུང་ཕྱོགས་ནས་ཁ་བྲལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང། སྐབས་དེར་འཇར་མན་གྱི་སྲིད་བློན་གྱིས། “ངས་༧ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་དེ། གཞུང་གི་ལངས་ཕྱོགས་འཛིན་སྟངས་དང་འབྲེལ་བ་ཡོད་པ་ལས། རྒྱ་ནག་གིས་ང་ཚོར་བརྩི་བཀུར་ཡང་ན་སྐྱོན་བརྗོད་བྱེད་མིན་ལ་བསྟུན་གྱི་མེད། དེ་བཞིན་ང་ཚོའི་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐད་ལ་ལས་དོན་རེ་བསྒྲུབ་ཐུབ་ན་སྤོབས་པ་སྐྱེས་ཀྱི་འདུག”ཅེས། གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་པ་རེད།

༢༠༠༩ ལོ་འགོར་རྒྱ་ནག་གི་སྲིད་བློན་ཝོན་ཇཱ་བྷའོ་ཡུ་རོབ་ཏུ་ཕྱོགས་བསྐྱོད་ལ་འགྲོ་སྐབས། འཇར་མན་གྱི་སྲིད་བློན་གྱིས། “༧ཏཱ་ལའི་བླ་མའི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པ་དང། འཇར་མན་གཞུང་ཕྱོགས་ནས་བོད་ནང་གི་གནས་སྟངས་ལ་སེམས་འཁུར་བྱེད་ཀྱི་ཡོད་པས། ང་སྒེར་གྱི་ངོས་ནས་ནན་བརྗོད་བྱེད་རྒྱུ་ནི། ༧ཏཱ་ལའི་བླ་མ་མཆོག་གིས་བཟུང་བའི་རྒྱ་བོད་གཉིས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལངས་ཕྱོགས་དེ་ནི། ཕྱོགས་གཉིས་ཀས་ཁས་ལེན་ཐུབ་པ་ཞིག་ཡིན་པས་རྒྱ་གཞུང་གིས་ལག་བསྟར་བྱེད་དགོས་རྒྱུ་དེ་ཡིན་”ཞེས་བརྗོད་ཡོད་པ་རེད།

ཐེངས་འདིའི་འཇར་མིན་སྲིད་བློན་གྱིས་གཟིགས་སྐོར་འདི་དང་བསྟུན་ནས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་སོགས་དཔོན་རིགས་མཐོ་གྲས་དང་ལྷན་དུ་གྲོས་མོལ་བྱེད་འཆར་ཡོད་པས། སྐབས་དེར་བོད་དང་ཤིན་ཅང་སོགས་ཀྱི་གནད་དོན་དང། རྒྱ་ནག་ནང་ཡོད་པའི་ཆབ་སྲིད་བཙོན་པ། དམིགས་བཀར་རྩོམ་པ་པོ་དང་གསར་འགོད་པ་མང་པོ་ཞིག་བཀག་ཉར་ཁང་དུ་ཡོད་པ་རྣམས་གློད་གྲོལ་ཡོང་ཐབས་སུ། རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གླེང་སློང་བྱེད་མིན་ལ་མི་མང་པོས་དོ་སྣང་བྱེད་བཞིན་ཡོད་པ་རེད། །

{jcomments on}