བོད་ནང་སྙན་རྩོམ་ཡག་པོ་ཞིག་འབྲི་མི་ཐུབ་པ་ཆགས་འདུག
འོད་དཀར་དྲ་ཚིགས་ཀྱི་འགན་འཛིན་ཤིང་བཟའ་རིན་པོ་ཆེ་ཡིས་བགྲོ་གླེང་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་གསུང་དོན། དེང་སྐབས་བོད་ནང་གི་རྩོམ་པ་པོ་ཞོགས་དུང་གཙོས་པའི་རྩོམ་པ་པོ་མང་པོ་ཞིག་འཇུ་འགྲོ་ཡི་ཡོད་རེད། ཉེ་ཆར་རྩོམ་པ་པོ་གཉན་འཇུས་འདུག ང་ཚོས་ནམ་རྒྱུན་ཁ་རྒྱག་པ་འདྲ་བཤད་ནས་འདི་འདྲ་བྱེད་དགོས་ཀྱི་འདུག་ཅེས་མང་པོ་བཤད་ཀྱི་ཡོད་རེད། ཡིན་ནའང་བོད་ནས་ལག་ལེན་བསྟར་ཡོང་དུས་ཚེ་སྲོག་ལ་ཐུག་བསྡད་པ་ཞིག་ཆགས་ཀྱི་འདུག ཁོ་རང་ཚོས་ཚེ་སྲོག་ལ་མ་འཛེམས་པའི་སྒོ་ནས་ཕྱག་ལས་གནང་ཡོང་དུས་ང་ཚོ་བཙན་བྱོལ་ནང་ནས་ཁོ་ཚོ་ལ་རྒྱབ་སྐྱོར་ག་འདྲ་བྱེད་དགོས་འདུག་ཟེར་དུས། ཏོག་ཙམ་ཁག་པོ་མིན་འགྲོ་དྲན་གྱི་འདུག ལྷག་པར་དུ་ཞོགས་དུང་འཇུས་པའི་རྗེས་སུ་ང་རང་སྒེར་གྱི་ངོས་ནས་ང་ཚོའི་དྲ་རྒྱ་དང་འབྲེལ་བའི་སྒོ་ནས་འབྲེལ་བ་ཏོག་ཙམ་ཡོད་དུས། མང་པོ་ཞིག་གིས་ཐུགས་ཕམ་གནང་གི་འདུག ང་ཚོས་བོད་ནང་དུ་འདྲ་ཞིག་བྱེད་ཀྱི་ཡོད་རེད་དེ། ཁྱོད་རང་ཚོ་ཕྱི་ཕྱོགས་སུ་གོ་རྒྱུ་ཚོར་རྒྱུ་མི་འདུག ག་རེ་བྱེད་ཀྱི་ཡོད་རེད་ཅེས་བོད་ནང་གི་ཤེས་ལྡན་མི་སྣ་ཚོར་བསམ་ཚུལ་ཞིག་སླེབས་ཡོང་དུས་ང་རང་གི་སེམས་ནང་དུ་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་ཀྱི་འདུག ང་ཚོ་གཞིས་བྱེས་གཉིས་ཀྱི་བར་ཐག་དེ་ཆེན་པོ་ཞིག་ཏུ་འགྱུར་འགྲོ་ཡི་མེད་འགྲོ་བསམ་པའི་སེམས་ཁྲལ་ཞིག་ཀྱང་ཡོང་གི་འདུག དེར་བརྟེན་གཞིས་བྱེས་གཉིས་ཀྱི་བར་ཐག་ཞེས་པ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པ་དེ་རེད།
ང་ཚོ་བཙན་བྱོལ་ནང་དུ་བོད་གཞུང་གིས་དབུ་ཁྲིད་པའི་མི་འབོར་གང་འཚམ་ཡོད་པ་རྣམས་ཀྱིས་དེ་ཚོའི་ཆེད་དུ་གནང་དགོས་པ་མང་པོ་ཞིག་གནང་གི་ཡོད་དམ་མེད། གནང་ཐབས་ཡོད་དམ་མེད། དེའི་སྒང་ལ་ཤེས་ཡོན་པ་ཚོ་ལ་འགན་འཁྲི་ཆེན་པོ་ཞིག་ཡོད་རེད་བསམ་གྱི་འདུག ལྷག་པར་དུ་བོད་ནང་ལ་རྩོམ་ཡིག་ཚིག་རྐང་ཁ་ཤས་ཤིག་འབྲི་མི་ཆོག་པའི་གནད་འགག་ཅིག་ཆགས་ནས། བར་སྐབས་ཤིག་ནས་སྙན་རྩོམ་མཁྲེགས་པོ་དེ་འདྲ་འབྲི་ཡོང་དུས་རྒྱ་མིས་བཙིར་ཡོང་གི་འདུག་ཟེར། ཁྱོད་རང་གིས་བརྗོད་བྱ་ག་རེ་རེད། དོན་དག་ག་རེ་སྟོན་གྱི་ཡོད་རེད་ཅེས་བཤད་ནས། མདོར་བསྡུས་ན་སྙན་རྩོམ་ཡག་པོ་ཞིག་འབྲི་མི་ཐུབ་པའི་སྒང་ལ་སླེབས་འདུག འདི་འདྲ་ཞིག་གི་སྐབས་སུ་ཕྱི་ལོག་ཏུ་ཡོད་མཁན་ཚོས་མིག་གི་མ་མཐོང་མདོག་མདོག་བྱས་ནས་སྡོད་ཐུབ་ཀྱི་ཡོད་དམ་མེད། ང་རང་ལ་ཆ་བཞག་ན་བཙན་བྱོལ་ནང་དུ་སླེབས་ནས་བློ་ཕམ་མང་པོ་ཞིག་ཡོང་མྱོང། འོན་ཀྱང་ལས་ཀ་མཚམས་མ་བཞག་པར་བྱེད་ཀྱི་ཡོད་པ་དེ་བོད་ནང་གི་སྙིང་སྟོབས་ལ་བརྟེན་པ་ཡིན། བཙན་བྱོལ་ནང་དུ་ཉེ་ཆར་བཀའ་ཤག་གིས་བཙན་བྱོལ་བོད་གཞུང་ཞེས་མིང་ཚིག་བེད་སྤྱོད་བྱེད་རྒྱུ་མེད་པ་དང། བཙན་བྱོལ་སྒྲིག་འཛུགས་ཞེས་ལབ་དགོས་པའི་བཀའ་སློབ་གནང་ཡོང་གི་འདུག འདི་འདྲ་ཆགས་ཡོང་དུས་སོ་སོ་འདིར་བསྡད་ནས་ག་རེ་ཡོང་གི་འདུག སོ་སོའི་ལྟོ་གོས་དོན་དུ་གཉེར་བ་གཅིག་པུ་ཡིན་ན་ཁུངས་འཁྱོལ་འགྲོ་ཡི་རེད།
འདི་འདྲ་ཞིག་གི་སྐབས་སུ་བོད་ནང་དུ་འབྲེལ་བ་ཡོང་བའི་སྐབས་སུ། ཁོ་རང་ཚོའི་འཆར་གཞི་དང་དམིགས་ཡུལ། བོད་ཀྱི་ཐོག་ལ་བཅངས་པའི་ལྷག་བསམ་སོགས་གསུང་ཡོང་དུས་རང་བཞིན་གྱིས་སྡོད་མི་ཐུབ་པ་ཞིག་གི་དཀའ་ངལ་འོག་ཏུ་སོ་སོའི་ངོས་འཇོན་གྱི་ཡོད་མེད་ལ་མ་ལྟོས་པར་མཚམས་འཇོག་མ་ཐུབ་པ་དེ་འདི་འདྲའི་སྒང་ནས་ཆགས་བསྡད་ཡོད། དེར་བརྟེན་ང་ཚོ་དང་བོད་ནང་དུ་ཡོད་པ་ཚོ་མི་རིགས་གཅིག་དང། ཁྲག་རྒྱུན་གཅིག་ཡིན་དུས་རྣམ་པ་ཚོའི་སེམས་ནང་དུ་ཚོར་བ་ག་འདྲ་ཞིག་ཡོང་གི་འདུག དེ་རིང་འདིར་ཤེས་ཡོན་པ་རྐྱང་རྐྱང་བསྐོངས་ནས་རྣམ་པ་ཚོས་དེའི་ཐད་དགོངས་ཚུལ་ལྷུག་པོ་གསུང་བའི་རེ་བ་རྒྱག་གི་ཡོད། མདོར་བསྡུས་ན། བོད་ནང་གི་བོད་པ་དང་ང་ཚོ་གདུང་རྒྱུད་གཅིག་དང་མི་རིགས་གཅིག་ཡིན་ན། ཕྱི་ལོགས་སུ་ད་ལྟའི་གནས་སྟངས་འདི་དྲང་པོ་བཤད་ན་སླ་དྲགས་འདུག་བསམ་གྱི་འདུག དེར་བརྟེན་ཚང་མས་ཐུགས་བསམ་བཞེས་རོགས་གྱིས་ཞེས་འགྲེལ་བརྗོད་གནང་སོང།
དེ་ནས་བགྲོ་གླེང་སྐབས་དང་པོ་ལྷ་བཟང་ཚེ་རིང་ལགས་ཀྱིས་གསུང་དོན། སྙིང་སྟོབས་དེ་གཞིས་བྱེས་གཉིས་ལ་ཡོད་པ་རེད། སྙིང་སྟོབས་དེ་གཉིས་ལ་ཆེ་ཆུང་ཡོད་རེད། དེ་ལ་བར་ཐག་ཅིག་ཡོད་རེད། བར་ཐག་དེ་ཆེ་ཆུང་གི་ཐོག་ནས་བར་ཐག་ཡོད་རེད་ལ། སྙིང་སྟོབས་དེ་འབྱུང་གཞིའི་ཐོག་ནས་ཡང་བར་ཐག་ཅིག་ཡོད་རེད། བར་ཐག་ཡོང་བ་དེ་ཡག་སྡུག་གི་སྐད་ཆ་མ་རེད། གཞི་རྩའི་གནས་སྟངས་མ་འདྲ་བ་གཉིས་ཡོད་པའི་སྐབས་སུ་ཏན་ཏན་བར་ཐག་ཅིག་འདུག་ཅེས་དང། གཞིས་བྱེས་གཉིས་ཀྱི་བར་ལ་བར་ཐག་ཅིག་པ་ཡོད་པ་དེ་དང། གཞིས་ལུས་མི་མང་གིས་སྲོག་གི་འོས་འཕངས་བཞག་པ་དེ་བཙན་བྱོལ་གཞུང་གི་ངོས་ལེན་གནང་གི་མི་འདུག དེ་འགྲིག་གི་མི་འདུག་ཅེས་སྐད་རྒྱག་ཡོང་དུས་བཙན་བྱོལ་གཞུང་གིས་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་ཡིན་ཞེས་གསུང་གི་འདུག བོད་ས་ཡ་དྲུག་དེ་བོད་ནང་དུ་ཡོད་རེད། འདིར་མི་འབུམ་གཅིག་གི་བསམ་ཚུལ་བསྡུ་རུབ་བྱས་པ་དེ་མང་མོས་འོས་བསྡུ་ཆགས་ཀྱི་ཡོད་རེད་དམ། ངས་དེ་ཁྲིམས་འགལ་རེད་ཅེས་ཞུ་མྱོང། དེ་བཤད་དུས་རྡུང་གི་ཡིན་ཟེར་མཁན་འདུག གསོད་ཀྱི་ཡིན་ཟེར་མཁན་འདུག དེས་སྤྱི་ལ་ཕན་གྱི་ཡོད་ན་ང་གསོད་རོགས་གྱིས་ལབ་པ་ཡིན། བཙན་བྱོལ་མི་འབུམ་གཅིག་གིས་མང་མོས་འོས་བསྡུ་བྱས་པ་དེ་ཁྲིམས་འགལ་ཡིན་མང་མོས་འོས་སྡུའི་ངོ་བོ་མཚོན་གྱི་མེད། གཞིས་ལུས་མི་མང་གིས་རང་བཙན་དོན་དུ་སྲོག་གི་འོས་འཕངས་འདུག དེ་ལ་ངོས་ལེན་གནང་དགོས་ཀྱི་ཡོད། བར་ཐག་ཆེ་ཤོས་དེ་དམིགས་ཡུལ་གྱི་ཐོག་ནས་འགལ་ཟླ་ཆགས་བསྡད་དུས་དེ་མཐའ་གཅིག་ཏུ་འགྲིག་གི་མི་འདུག་ཅེས་གསུངས་སོང།
དེ་རྗེས་བགྲོ་གླེང་གནང་མཁན་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་དོན། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་གམ་འབྲེལ་ཐག་དེ་ཆད་པ་ཡིན་ན། མ་འོངས་པའི་བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་སའི་གཞི་དེ་རྩ་བ་ནས་མེད་པ་འགྲོ་རྒྱུ་ཉག་ཅིག་རེད། དེར་བརྟེན་ད་ལྟ་བར་དུ་རྒྱ་ནག་གཞུང་གིས་བོད་གཞིས་བྱེས་གཉིས་ཀྱི་བར་དུ་དཀྲུགས་ཤིང་རྒྱག་པའི་སྲིད་བྱུས་ཤིག་བཟུང་གི་ཡོད་རེད། ང་ཚོས་འབྲེལ་བ་དེ་ཉར་ཚགས་བྱེད་པ་དང། རྩ་བ་ནས་འཆད་མི་འཇུག་པའི་ཐབས་ལམ་ཞིག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། ཕྱི་ཕྱོགས་སུ་ཡོད་པའི་རྒྱ་མི་མང་གཙོ་དོན་གཉེར་བ་ཚོའི་ལས་འགུལ་གྲུབ་འབྲས་ལྡན་པ་མི་ཐོན་པ་དེ་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་བྱུས་བཟུང་ནས། མང་གཙོ་དོན་གཉེར་བ་དང་རྒྱ་ནག་མི་མང་གི་བར་དུ་དཀྲུགས་ཤིང་བརྒྱབ་པ་ལ་བརྟེན་ནས་བྱུང་བ་རེད། ང་ཚོ་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་ད་ལྟ་བར་ཆད་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ། ང་ཚོ་ལ་འཛམ་བུ་གླིང་གིས་བཀུར་བར་འོས་པའི་དབུ་ཁྲིད་ཅིག་ཡོད་པ་དེ་རེད། གལ་སྲིད་ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོས་དབུ་ཁྲིད་དེའི་འོག་ཏུ་བསྡད་པར་ལམ་ཁ་གཞན་ཞིག་བཙལ་ནས་སོང་ན་བོད་ནང་གི་བོད་མི་ཚོར་སེམས་ཚོར་ག་འདྲ་ཡོང་ས་རེད་དེ་ཚོའི་སྐོར་ལ་བསམ་བློ་ནན་ཏན་གཏོང་དགོས་ཀྱི་འདུག་ཅེས་དང། བོད་ནང་ནས་ལས་འགུལ་སྤེལ་བ་དེ་བཙན་བྱོལ་ནང་དུ་ཁྱབ་བསྒྲགས་གང་ཐུབ་བྱེད་དགོས་ཀྱི་རེད། གལ་སྲིད་ང་ཚོས་ཁྱབ་བསྒྲགས་མ་བྱས་པར་བསྡད་ཀྱང་རྒྱ་གཞུང་གིས་གུ་ཡངས་མི་གཏོང་བ་ཐག་ཆོད་པ་རེད་ཅེས་སོགས་གསུངས་སོང།
དེ་རྗེས་བགྲོ་གླེང་བ་རེ་རེ་ནས་སོ་སོའི་བསམ་ཚུལ་ལྷུག་པོ་བྱུང་བའི་ནང་ནས། ཁག་ཅིག་གིས་བོད་པའི་སྤྱི་ཚོགས་ནང་དུ་མི་རིགས་རིང་ལུགས་ལྟ་བ་དེ་ཤུགས་ཆེ་རུ་གཏོང་ཐབས་དགོས་པ་དང། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཤ་ཞེན་ཡོང་ཐབས་དགོས་ཚུལ་གསུང་མཁན་དང། ཁག་ཅིག་གིས་བཙན་བྱོལ་ནང་དུ་འཁྲབ་སྟོན་སྐབས་ཚུན་ཆད་ནས་འགན་ཁུར་གྱི་མི་འདུག དཔེར་ན། བོད་གཞུང་ཟློས་གར་གྱིས་ད་དུང་སྟག་གཟིགས་སྲམ་གསུམ་ལྤགས་པ་རྫུན་མ་བེད་སྤྱོད་བྱེད་ཀྱི་འདུག དེས་རྒྱ་མིའི་ཁག་འདོགས་ས་ཞིག་མི་ཆགས་པའི་ངེས་པ་ཡོད་མ་རེད། བོད་ནང་དུ་རྒྱ་མིས་བཙན་ཚུགས་ཀྱིས་གོན་འཇུག་གི་ཡོད་རེད་ཅེས་དང། ཁག་ཅིག་གིས་བཙན་བྱོལ་ནང་དུ་ནང་ཆོས་ཀྱི་འཆད་ཉན་དང། སློབ་སྦྱོང་གོང་འཕེལ་ཆེན་པོ་སོང་ཡོད་རེད་དེ། ཆབ་སྲིད་དང་འཇིག་རྟེན་པའི་འཚོ་གནས་ཀྱི་ཆ་ནས་འཐུས་ཤོར་ཕྱིན་ཡོད་རེད་ཅེས་པ་དང། དེ་བཞིན་ཁག་ཅིག་གིས་བཙན་བྱོལ་ནང་དུ་སློབ་གསོ་རྒྱག་མཁན་ཚོས་དབྱིན་ཇི་སྦྱོངས། དེ་ནས་ཕྱི་རྒྱལ་སོང་ཟེར་མཁན་མ་གཏོགས། སོ་སོའི་སྐད་ཡིག་དང་རིག་གཞུང་ལ་མཐོང་གང་ཡང་སྤྲོད་ཀྱི་མི་འདུག དེ་བཞིན་སྐད་རིགས་འདྲེས་མ་ཞིག་མ་བཤད་པ་ཡིན་ན་མཐོང་མེད་པའི་བཟོ་ལྟ་བུ་དེ་འདྲའི་གནས་ཚུལ་མང་པོ་ཡོང་གི་འདུག་ཅེས་སོགས་བསམ་ཚུལ་དང་བགྲོ་གླེང་ལྷུག་པོ་བྱུང་སོང།།།
{jcomments on}