མལ་གྲོ་གུང་དཀར་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོ་འཛུགས།
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བོད་ཀྱི་ས་ཁུལ་འདྲ་མིན་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང། ཉེ་དུས་བོད་དབུས་ཁུལ་མལ་གྲོ་གུང་དཀར་རྒྱ་མ་ས་ཁུལ་དུ་ལྕགས་རིགས་རང་བྱུང་ཐོན་ཁུངས་གསར་རྙེད་བྱུང་སྟེ། ས་ཁུལ་དེའི་བོད་མི་ཚོའི་གནས་བབས་དང་དཀའ་ངལ་ལ་མ་ལྟོས་པར། དེང་སྐབས་རྒྱ་ནག་དབུས་གཞུང་གསེར་གྱི་སྡེ་ཁག་དེ་རྒྱ་ནག་ཡོངས་རྫོགས་ནས་གསེར་རིགས་ཐོན་བསྐྱེད་བྱེད་མཁན་ཆེ་ཤོས་གཉིས་པ་ཡིན་པ་དང། དེས་མལ་གྲོ་གུང་དཀར་རྒྱ་མ་ས་ཁུལ་དུ་གསེར་དང་ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད།
མལ་གྲོ་གུང་དཀར་རྒྱ་མ་ས་ཁུལ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་པས། བོད་མི་ཚོས་ས་ཁུལ་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ད་ལྟའི་སྐབས་ས་ཁུ་དེར་གྲོང་ཚོ་༡༥ ཡོད་ཅིང་དེའི་ནང་ནས་གཉིས་འབྲོག་སྡེ་ཡིན་འདུག ལོ་སྔོན་མར་ས་ཁུལ་འདིའི་ཡུལ་མི་ཚོས། གཏེར་ཁ་སྔོག་འདོན་གྱི་ལས་རིགས་གཞན་ཞིག་མཚམས་འཇོག་བྱེད་དགོས་པའི་ཞུ་གཏུག་བྱེད་སྐབས། ས་གནས་སྲིད་གཞུང་གིས་ས་ཆ་ལ་གུན་གསབ་བྱེད་རྒྱུ་ཡིན་པ་དང། ལས་རིགས་མཚམས་འཇོག་གི་ཞུ་གཏུག་སྙན་ཞུ་གཏོང་མི་ཆོག་པའི་བཙན་ཤེད་བྱེད་སྐབས། གཏེར་ཁ་བསྔོགས་འདོན་པ་དང་བོད་མི་ཚོའི་དབར་འཁྲུག་འཛིང་ཤོར་ནས། བོད་མི་༣ ལ་ཚབས་ཆེ་བའི་རྨས་སྐྱོན་ཕོག་ཡོད་པ་རེད། དེ་བཞིན་དམག་མི་ཕོན་ཆེན་ས་ཁུལ་དེར་བཞག་ནས། ཡུལ་མི་ཚོར་རྒྱ་གར་དང་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱེད་མི་ཆོག་པ་དང། དེ་བཞིན་ཉེ་འགྲམ་གྱི་ས་ཁུལ་གཞན་ལ་ཆོག་མཆན་མེད་པར་འགྲོ་བསྐྱོད་བྱེད་མི་ཆོག་ཅེས་བཙན་ཤེད་བྱས་ཡོད་པ་རེད།
ད་ཐེངས་ཀྱི་རྒྱ་མ་ས་ཁུལ་གྱི་གཏེར་ས་དེ་ནས་ལྕགས་རིགས་སོགས་ཀྱི་རྒྱུ་ཆ། ཉིན་རེེ་ལ་ཊོན་༦༠༠༠ ལྷག་ཙམ་སྔོག་འདོན་བྱེད་ཀྱི་ཡོད་པ་དང། འཆར་འགོད་འདིའི་འོག་ནས་རྒྱ་སྒོར་དུང་འཕྱུར་༨ ལྷག་ཙམ་བཟོ་གྲྭ་ཁག་ལ་མ་རྩ་འཇོག་གི་ཡོད་འདུག ཡིན་ནའང་རྒྱ་ནག་གི་བརྒྱུད་ལམ་ཁག་ནས། མ་རྩ་འཇོག་རྒྱུའི་སྐོར་སོགས་གང་ཡང་མ་བཤད་པར་གསང་ཉར་བྱས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་གཞོན་པ་ཧཱའོ་ཕང་ཟེར་བས། གཏེར་ཁ་བསྔོགས་འདོན་གྱི་འཆར་འགོད་འདིའི་འོག་ནས། བཟོ་གྲྭ་ཁག་དང་ཚོང་ལས་སྡེ་ཚན་སོགས་ལ་མ་རྩ་ཕོན་ཆེན་འཇོག་ཐུབ་པ་དང། དབུས་གཞུང་གི་ལས་དོན་སོགས་ལའང་ཕན་རླབས་ཆེན་པོ་ཡོང་ཐུབ་ངེས་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་འདུག །
{jcomments on}