༧གོང་ས་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་འབྲེལ་བསྐྱངས་པ།
རྒྱལ་བ་རིན་པོ་ཆེ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་འཁོད་དོན། འདི་ཟླའི་ཚེས་ ༢༡ ཉིན་ལ་དྭགས་ནུབ་རའི་བསམ་དགོན་བྱམས་བརྩེ་ཐོས་བསམ་གླིང་དགོན་པར་དགའ་ལྡན་ཁྲི་རིན་པོ་ཆེས་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགོན་པའི་ཚོགས་ཁང་གི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྦྲགས་མགོན་པོ་གང་ཉིད་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞེད་དགོངས་ལྷུན་གྱིས་གྲུབ་པའི་གསོལ་འདེབས་ཞུ་བ་གནང་། དེ་རྗེས་ྋགོང་ས་མཆོག་ནས་བཀའ་སློབ་སྩལ་དོན།
དེ་རིང་འདིར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེའི་དགོན་པ་ཡོད་ས་ལ་དྭགས་ནུབ་རར་བཅར་ཐུབ་པར་ཧ་ཅང་བསྐལ་པ་བཟང་པོ་བྱུང། རི་རྫོང་རིན་པོ་ཆེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ལ་འཁོད་ཡོད་ལ། ངོས་ཀྱིས་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུས་ཡོད། དེ་རིང་འདིར་རིན་པོ་ཆེ་སྐུ་ཉིད་ཀྱི་གྲྭ་ཚང་འདིར་རིན་པོ་ཆེས་གཙོས་སེར་སྐྱ་མི་མང་མང་པོ་ཞིག་དང་ཐུག་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། དེ་བཞིན་དུ་ཡུལ་གྲུ་མི་འདྲ་བ་དང་སྐད་ཡིག་མི་འདྲ་བ། ཕྱོགས་མཚུངས་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་མིན་ནའང་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་བསླེབས་པའི་དབྱིན་ཇི་དང་། ཨུ་རུ་སུ། ཀོ་རི་ཡ་བཅས་ནས་ཕེབས་པའི་ཆོས་གྲོགས་རྣམས་ལ་ཆོས་འབྲེལ་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་སངས་རྒྱས་པའི་ཆོས་པ་ཚོས་སངས་རྒྱས་པའི་ཆོས་འདི་ཁ་འདོན་བྱེད་པ་དང་སྨོན་ལམ་བརྒྱབ་པ་ཙམ་མ་ཡིན་པར་ནང་པ་སངས་རྒྱས་པའི་ཆོས་ལ་ཚང་མས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་གསར་པ་ཞིག་བསླེབས་ཡོད། དེ་ཡང་དགེ་འདུན་པ་དང་། བཙུན་མ། མི་སྐྱ་ཕོ་མོ་སུ་འདྲ་ཞིག་ཡིན་ནའང་ནང་པའི་ཆོས་ལ་བགྲོ་གླེང་བྱེད་རྒྱུས་མཚོན་པའི་དོ་སྣང་བྱེད་བཞིན་འདུག དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཁག་ཡར་རྒྱས་འགྲོ་དང་འགྲོ་བཞིན་ཡོད་པ་དེ་དག་ཧ་ཅང་ཡག་པོ་རེད། མདོར་ན་སེར་སྐྱ་ཕོ་མོ་ཚང་མས་ནང་ཆོས་ལ་དོ་སྣང་གསར་པ་བྱེད་པ་ཙམ་དུ་མ་ཟད། དེང་རབས་ཀྱི་ཤེས་ ཡོན་ལ་དོ་སྣང་བྱེད་རྒྱུའི་དུས་ཚོད་ཅིག་ཤར་ཡོད་པར་བརྟེན་སྔོན་ལ་ངོས་ནས་རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཕགས་པ་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་དང་གང་བློ་མའི་རྗེས་གནང་འདོན་གྱི་ཡིན་ཞེས་སོགས་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད། དེ་རྗེས་ཉིན་རྒྱབ་ཏུ་ྋགོང་ས་ྋསྐྱབས་ མགོན་ཆེན་པོ་མཆོག་དབུ་བཞུགས་འོག་བསམ་གཏན་གླིང་དགོན་པའི་ཉེ་འགྲམ་གྱི་ཐང་ཆེན་ཞིག་ཏུ་དགེ་འདུན་པ་དང་སློབ་ཕྲུག་བཅས་ཀྱིས་རྟགས་གསལ་གྱི་ལམ་ནས་ནང་དོན་རིག་པའི་བགྲོ་གླེང་གི་དམ་ཆ་ཚོགས་སོང་།།
{jcomments on}