དགོན་པ་དང་བླ་མའི་དབར་འབྲེལ་བ་བྱེད་མི་ཆོག་ཟེར།
མཁྱེན་རབ་ཐོགས་མེད་ནི་ནག་ཆུ་རྫོང་རྟར་ཆེན་ཤང་གྲོང་ཚོ་དགུ་པའི་ཕ་སྟག་རྒྱལ་གྱི་བུ་ཡིན་པ་དང་། ད་ལོ་རང་ལོ་༣༥ རེད་འདུག ཁོང་འཛིན་བཟུང་བྱེད་དོན་ནི། རྒྱ་གཞུང་གི་མི་སྣས་ཤག་རོང་པོ་དགོན་པ་དང་དགོན་པ་དེའི་བླ་མ་ཟླ་བ་རིན་པོ་ཆེ་དང་འབྲེལ་བ་བྱེད་མི་ཆོག་པ་དང་། ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་དགག་རྒྱག་གི་ཚོགས་འདུ་ཞེས་པ་ཞིག་འཚོགས་པའི་སྐབས་སུ། གྲྭ་མཁྱེན་རབ་ཐོགས་མེད་ཀྱིས་དགོན་པ་དང་བླ་མའི་དབར་འབྲེལ་བ་བྱེད་མི་ཆོག་ན་དགོན་པར་བསྡད་ཀྱང་ཅི་ཕན། དེ་ལས་ལྡེ་མིག་འདི་ཁྱོད་ཚོས་བདག་པོ་རྒྱོབ་ཟེར་ནས་དགོན་པའི་འདུ་ཁང་གི་ལྡེ་མིག་ཕྱིར་འཕང་སྟེ་ཚོགས་ཐོག་ཏུ་ལངས་ནས་ཕྱིན་ཡོད་འདུག དེ་རྗེས་ཁོང་འཛིན་བཟུང་བྱས་ནས་ད་དུང་གློད་གྲོལ་བྱས་མེད་པ་མ་ཟད། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མི་འདུག
གྲྭ་ངག་དབང་ནོར་བུ་འཛིན་བཟུང་བྱེད་དོན་ནི། ངོ་རྒོལ་དགག་རྒྱག་གི་ཚོགས་འདུའི་སྐབས་སུ་ཁོང་གི་ཚ་བོ་གྲྭ་བྱམས་པ་ཟེར་བ་སེམས་མ་བདེ་བ་བྱུང་བའི་རྐྱེན་གྱིས་ས་ཐོག་ཏུ་འགྱེལ་བའི་སྐབས། གྲྭ་ངག་དབང་ནོར་བུས་རྒྱ་གཞུང་གི་མི་སྣ་ཞིག་ལ་འབུད་རྒྱག་ཏོག་ཙམ་བཏང་སོང་ཟེར་ནས་འཛིན་བཟུང་བྱས་པ་རེད་འདུག ད་ལྟའི་ཆར་གྲྭ་ངག་དབང་ནོར་བུ་གློད་གྲོལ་བཏང་ཚར་ཡོད་པ་རེད།།
{jcomments on}