འོས་བསྡུའི་དེབ་སྐྱེལ་གྱི་དུས་ཚེས་རྫོགས་ལ་ཉེ་བ།
ཉེ་བའི་ཆར་ནས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང། འགན་འཛིན་ལས་འཕར་གཉིས་འོས་བསྡུའི་ལས་རིམ་ངོ་སྤྲོད་ཆེད་ས་གནས་ཁག་ཏུ་བསྐྱོད་ཡོད་པ་དང། དབུས་འོས་བསྡུ་ལས་ཁང་དུ་འོས་བསྡུའི་དེབ་སྐྱེལ་གྱི་གནས་ཚད་ག་འདྲ་ཞིག་ལ་སླེབས་ཡོད་སྐོར་བཅར་འདྲི་ཞུས་པར། འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ལགས་ཀྱིས་གསུང་དོན། “འོས་བསྡུའི་དེབ་སྐྱེལ་དགོས་པ་ས་གནས་ཁག་ཏུ་ཡི་གེ་ཐེངས་གསུམ་ཞིག་བཏང་བ་ཡིན། དེབ་སྐྱེལ་གང་འཚམས་ཚར་བ་དང། ད་དུང་དུས་ཚོད་བདུན་ཕྲག་གསུམ་ཞིག་ཡོད་པས། དེབ་སྐྱེལ་བྱེད་བཞིན་པ་རེད། དམིགས་བསལ་གྱིས་དཀའ་ངལ་བཤད་མཁན་ས་གནས་ནས་སླེབས་མ་སོང།”ཞེས་འགྲེལ་བརྗོད་གནང་སོང།
མཐོ་རིམ་སློབ་མ་སྡོད་གནས་ཁག་ཏུ་དེབ་སྐྱེལ་བྱེད་ས་མི་འདུག་ཅེས་དཀའ་ངལ་ཞིག་བཤད་ཀྱི་འདུག ས་གནས་དེ་ཚོར་འོས་བསྡུའི་དེབ་སྐྱེལ་བྱེད་ས་གོ་སྒྲིག་ཐུབ་ཀྱི་རེད་དམ་ཞེས་དྲིས་པར། ཁོག་གིས། “སློབ་གྲྭ་ཁག་ཏུ་སྡོད་མཁན་དང། གཞུང་འབྲེལ་གྱི་ལས་བྱེད་མེད་སའི་བལ་གོས་ཚོང་ས་ལྟ་བུ་དེ་ཚོར་དཀའ་ངལ་ཡོད་པ་རེད། ཡིན་ནའང་དེབ་སྐྱེལ་བྱེད་རྒྱུ་དེར་སྒེར་སོ་སོ་འགྲོ་དགོས་ཀྱི་ཡོད་པ་མ་རེད། མི་གཅིག་གིས་དཔྱ་ཁྲལ་ལག་དེབ་མང་པོ་ཁྱེར་ནས་ས་གནས་སུ་དེབ་སྐྱེལ་བྱེད་ཆོག་གི་རེད། ནང་གཅིག་གི་མི་གཉིས་གསུམ་ཕྱི་ལོག་ཏུ་ཡོད་ནའང། ནང་དུ་སྡོད་མཁན་དེས་དཔྱ་ཁྲལ་ལག་དེབ་ཚང་མ་དེབ་སྐྱེལ་བྱེད་ཆོག་པ་རེད་”ཅེས་འགྲེལ་བརྗོད་བྱས་སོང།
དེབ་སྐྱེལ་བྱེད་ས་ས་གནས་ཁག་ཏུ་ཡོད་མེད་ལ་མ་ལྟོས་པར། མཐོ་རིམ་སློབ་མ་སྡོད་གནས་ཁག་ཏུ་ད་དུང་དེབ་སྐྱེལ་བྱེད་ས་མ་རག་པར་དཀའ་ངལ་དེ་འཕྲད་བཞིན་ཡོད་པས། དེ་སེལ་ཐབས་སུ་ཐབས་ཤེས་ཡོད་དམ་ཞེས་དྲིས་པར། ཁོང་གིས། “སློབ་མ་གཅིག་གཉིས་ལ་དཀའ་ངལ་ཡོད་ནའང། མང་ཆེ་བས་དཔྱ་ཁྲལ་ལག་དེབ་ནང་དུ་བཞག་ནས་ནང་མི་ཞིག་གིས་དེབ་སྐྱེལ་ཆོག་པ་རེད། ཕན་ཚུན་ལ་སྦྲགས་ཐོག་ནས་གཏོང་ཆོག་གི་རེད། འདི་རྒྱལ་ཁབ་ཅིག་གི་ཆེད་དུ་ཡིན་པས། མི་སོ་སོ་ཡིན་ནའང་འགུལ་བསྐྱོད་ཅུང་ཙམ་མ་བརྒྱབ་ན། མི་རེ་རེའི་རྗེས་སུ་དེབ་སྐྱེལ་བྱེད་དུ་འགྲོ་ཐུབ་ཀྱི་མ་རེད། དེབ་སྐྱེལ་བྱེད་རྒྱུ་ལ་དཀའ་ངལ་དེ་ཙམ་ཡོད་པ་མ་རེད། འོས་བླུགས་སྐབས་ས་གནས་ཚང་མར་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། གཞིས་ཆགས་ཁག་ཏུ་སོང་དུས་དཔྱ་ཁྲལ་ལག་དེབ་ནང་དུ་ཉར་བསྡད་ཡོད། སློབ་མ་སོ་སོས་ཁྱེར་སོང་ན་བརླག་འགྲོ་ཡི་འདུག་ཟེར་མཁན་འདུག གནས་སྟངས་དེ་གཉིས་མ་འདྲ་བ་ཆགས་པ་རེད། འོས་ཤོག་བླུགས་པ་བཞིན་དེབ་སྐྱེལ་བྱེད་དུ་ཡང་མི་སོ་སོ་འགྲོ་དགོས་པ་རེད་བསམས་ནས་མགོ་འཐོམ་མེད་འགྲོ་བསམ་གྱི་འདུག དེ་ཚོ་གསལ་པོ་དགོས་པ་རེད་”ཅེས་བརྗོད་སོང།།
{jcomments on}