སྲོལ་རྒྱུན་རིག་གནས་མ་སྦྱངས་ན་བོད་པ་བྱས་ནས་སྡོད་མི་ཐུབ།
ཉིན་དང་པོའི་སྔ་དྲོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས། རིགས་ལམ་སློབ་གྲྭའི་སྐུ་ཚབ་དགེ་བཤེས་བློ་བཟང་ཟླ་བ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་བཅས་ཕེབས་སོང།
བགྲོ་གླེང་འཚོག་དགོས་པའི་རྒྱུ་མཚན་སྐོར་ས་རཱ་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་རབ་བརྟན་གྱིས་ངོ་སྤྲོད་གནང་དོན། ང་ཚོ་བོད་པའི་མཐོ་རིམ་སློབ་མ་མང་པོ་ཞིག་རྒྱ་གར་གྱི་སྤྱི་ཚོགས་དང་མཐོ་སློབ་ཁག་ཏུ་འཐིམ་བསྡད་ཡོད་དུས། བོད་ཀྱི་རིག་གནས་སྐོར་ལ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཧ་ཅང་དཀོན་པོ་རེད། དེར་བརྟེན་ས་རཱ་བོད་ཀྱི་གཞོན་ནུའི་རུ་ཁག་གིས་སྡིངས་ཆ་གསར་པ་ཞིག་བསྐྲུན་ནས་བོད་ཀྱི་རིག་གནས་སྐོར་ལ་བགྲོ་གླེང་དང། མཐོ་རིམ་སློབ་མའི་བར་འབྲེལ་བ་འཛུགས་པ། བོད་ཀྱི་རིག་གནས་དེ་སྤྱི་ཚོགས་ནང་དུ་ཤུགས་ཆེ་རུ་སྤེལ་རྒྱུའི་དགོས་པ་རྒྱུ་མཚན་དེ་འདྲར་དམིགས་ནས་ད་བར་བོད་ཀྱི་རིག་གནས་བགྲོ་གླེང་གིི་དམིགས་ཡུལ་དེ་རེད། ལྷག་པར་དུ་དེ་རིང་བརྗོད་གཞི་དམིགས་བསལ་བ་ཞིག་ལ་༸གོང་ས་མཆོག་གི་དགོངས་གཞི་ལ་སློབ་སྦྱོང་བྱེད་པ་ཞེས་པ་དེ་ཡིན་ཞེས་སོགས་ངོ་སྤྲོད་བྱས་སོང།
དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་བགྲོ་གླེང་གི་བརྗོད་གཞིའི་ཐོག་གསུང་དོན། སྤྱིར་བཏང་༧གོང་ས་མཆོག་གི་དགོངས་གཞི་དེ་ཆོས་ལུགས་ལ་སོགས་པའི་དགོངས་པ་རྒྱ་ཆེ་ཞིང་གཏིང་ཟབ་པ་རེད། དེ་རིང་ངས་དེའི་ནང་ནས་ཆ་ཤས་ཙམ་བརྗོད་ན། དེ་རིང་འདིར་ཕེབས་མཁན་རྣམས་བོད་ཀྱི་རིག་གནས་དང་འབྲེལ་བ་ཆགས་བསྡད་པ་ཞིག་རེད། རིག་གནས་ཀྱི་ཐོག་ལ་༧གོང་ས་མཆོག་གི་དགོངས་པ་འདབ་གཤོག་གཉིས་ལྡན་ཞེས་པ་དེ་རེད། དེའི་གོ་དོན་ནི་ང་ཚོ་བོད་པ་བྱས་ནས་སྡོད་ཐུབ་པ་མ་ཟད། མི་རིགས་གཞན་དང་འདྲ་མཉམ་གྱིས་འགྲོ་ཐུབ་པའི་བོད་པ་ཞིག་ཆགས་པའི་དགོངས་གཞི་དེ་རེད། སྲོལ་རྒྱུན་གྱི་རིག་གནས་ལ་དཔྱིས་ཕྱིན་པ་ཞིག་སྦྱངས་མ་ཐུབ་པ་ཡིན་ན། བོད་པ་བྱས་ནས་སྡོད་ཐུབ་ཀྱི་མ་རེད། གཤོག་པ་གཉིས་དགོས་པའི་རྒྱུ་མཚན་གཅིག་དེ་རེད། དེ་བཞིན་དེང་རབས་ཀྱི་རིག་གནས་ལ་ཇི་ལྟ་བ་བཞིན་ཤེས་མ་ཐུབ་པ་ཡིན་ན་ང་ཚོ་འཛམ་གླིང་གི་གོ་ལ་འདིའི་སྒང་ལ་གཞན་དག་དང་འདྲ་མཉམ་གྱིས་འགྲོ་ཐུབ་ཀྱི་མ་རེད། ང་རང་ཚོ་བོད་པ་བྱས་ནས་སྡོད་ཐུབ་པའི་སྒང་ལ་གཞན་དག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་ལ་འདབ་གཤོག་གཉིས་ལྡན་ཟེར་བ་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད་རེད། དེ་༧རྒྱལ་བ་རིན་པོ་ཆེས་ང་ཚོ་ལ་ཐུགས་རེ་བཅངས་པ་དེ་རེད་ཅེས་དང། དེང་སང་ཁུ་ནུ་དང། ག་ཤ། སྤི་ཏི་སོགས་རིགས་རྒྱུད་གཅིག་པ་རེད་དེ། རྒྱལ་ཁབ་མི་འདྲ་བ་ཆགས་པ་རེད། འོན་ཀྱང་རིག་གཞུང་གི་ཁོར་ཡུག་གཅིག་པ་ཡིན་པས་ཕན་ཚུན་བར་སེམས་ཁུར་ཡོད་པའི་སྒོ་ནས་འབྲེལ་ཐག་ཉེ་པོ་ཡོད་པའི་རྒྱུ་མཚན་དེ་རེད། དེའི་ནང་ནས་བོད་ཆོལ་ཁ་གསུམ་ནི་རིགས་རྒྱུད་གཅིག་པ་དང། རིག་གཞུང་གཅིག་གི་འོག་ཏུ་ཚུད་པ། གསུམ་པ་ཆབ་སྲིད་ཀྱི་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་པ་ཡིན་སྟབས་བོད་ཅེས་དམིགས་བསལ་ཞིག་ཡོད་པ་རེད། དེ་འདྲའི་ཕྲ་ཞིབ་ཀྱིས་དགར་ཡོང་དུས་རིག་གཞུང་ལ་དོ་ཁུར་གཙང་མ་ཞིག་མེད་པ་ཡིན་ན་བོད་པ་གཙང་མ་བྱས་ནས་སྡོད་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད་ཅེས་སོགས་གསུངས་སོང།
དེ་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས་གསུང་དོན། སྤྱིར་བཏང་༧གོང་ས་མཆོག་གི་དགོངས་གཞི་ལ་གང་ཟག་ཕལ་པ་ཞིག་གིས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་སོ་སོའི་བསོད་ནམས་ཀྱིས་ལྕོགས་ཚོད་ཀྱིས་བསམ་ཚུལ་ཙམ་ཞིག་ཞུས་ན། རིགས་གཅིག་གིས་༧སྐྱབས་མགོན་རིན་པོ་ཆེ་དེ་ཆོས་པ་ཞིག་རེད་ཅེས་ཟེར་གྱི་ཡོད་རེད། རྒྱ་མིས་༧སྐྱབས་མགོན་རིན་པོ་ཆེ་དེ་ཆབ་སྲིད་མི་སྣ་ཞིག་རེད། ཆོས་པ་མ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་རེད། ང་ཚོས་བོད་པས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་ངོས་འཛིན་ཞུ་ཡི་ཡོད་རེད། དེར་བརྟེན་ངོས་འཛིན་བྱེད་སྟངས་མི་འདྲ་བ་གསུམ་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་མཐོང་ཚུལ་དེ་ཚོ་ཚང་མས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་ཡོངས་སུ་རྟོགས་ནས་བྱས་པ་རེད་དམ་མ་རེད་ང་ཚོས་ཞིབ་འཇུག་བྱེད་རྒྱུ་རེད། བོད་པ་མང་པོ་ཞིག་གིས་སྐྱབས་མགོན་རིན་པོ་ཆེ་དེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད་ཅེས་ཟེར་གྱི་ཡོད་རེད། གལ་སྲིད་༧སྐྱབས་མགོན་རིན་པོ་ཆེ་དེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་ན། འཁོར་འདས་གཉིས་ཁས་ལེན་དགོས་པ་རེད། དེ་མ་བླངས་ན་༧སྐྱབས་མགོན་རིན་པོ་ཆེ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་མིན་ཁས་ལེན་ཐུབ་རྒྱུ་ཡོད་མ་རེད། འཁོར་འདས་གཉིས་ཁས་ལེན་མཁན་གྱི་གང་ཟག་ཅིག་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་མངོན་མཐོ་ལྷ་མིའི་ལུས་རྟེན་ལ་འཁོར་བའི་བདེ་སྐྱིད་མྱོང་ཐུབ་པ་དང། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་ཕེབས་རྒྱུ་དེ་གཉིས་ལས་འདས་པའི་བྱང་ཆུབ་སེམས་པའི་ཕྱག་ལས་ཡོད་རེད་ངས་མཐོང་ཚོད་དཔག་ཚོད་ཀྱི་བསམ་གྱི་མི་འདུག་ཅེས་སོགས་གསུངས་སོང།
དེ་ནས་རིགས་སློབ་སྐུ་ཚབ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་གསུང་དོན། དེ་རིང་ངས་ནང་ཚགས་དང་སྙིང་ཉེ་བའི་སྒོ་ནས་དོན་ཚན་གསུམ་གྱི་སྒོ་ནས་ཞུ་རྒྱུ་ཡིན། དང་པོ་དེ་༧གོང་ས་མཆོག་གི་དགོངས་དོན་ངོ་སྤྲོད་དང་འབྲེལ་དེ་ལ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན། གཉིས་པ་དེ་ལ་སློབ་སྦྱོང་ཇི་ལྟར་བྱ་བའི་ཚུལ། གསུམ་པ་དེ་ལ་སློབ་སྦྱོང་བྱས་ནས་བཤད་པ་ཙམ་གྱིས་མི་ཆོག་པར་ལག་ལེན་ལ་ཁེལ་ཐུབ་པ་ཞིག་དགོས་ཀྱི་རེད། ༧གོང་ས་མཆོག་གིས་ལམ་སྟོན་གསར་པ་ག་རེ་གནང་གི་ཡོད་རེད་ཟེར་ན། ཚན་རིག་པ་ཚོས་ཕྱི་དངོས་པོ་རྐྱང་རྐྱང་གི་སྒང་ནས་ཞིབ་འཇུག་བྱས་ནས་འགྲོ་ཡི་འདུག ད་ལྟ་ནང་སེམས་ཞེས་པ་ག་འདྲ་ཡིན་མིན་བལྟ་དགོས་རེད། སེམས་ནང་དུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཚོར་སྣང་ཞིག་ཡོད་པ་ཡིན་སྟབས། བདེ་བ་སྒྲུབ་ཐབས་དང་སྡུག་བསྔལ་སེལ་བའི་ཐབས་ཤེས་ཤིག་བྱེད་ཀྱི་ཡིན་ན། ཕྱི་ལོགས་ནས་བཙལ་ནས་སེལ་ཐུབ་ཀྱི་འདུག་གམ། ཡང་ན་ནང་སེམས་ནས་བཙལ་ཐུབ་ཀྱི་འདུག་ཚན་རིག་པ་ཚོས་བལྟ་དགོས་ཀྱི་རེད། གང་ལྟར་ཆོས་ལུགས་ཀྱི་ཡང་དག་པའི་བསླབ་བྱ་བྱམས་སྙིང་རྗེའི་ཀུན་སློང་བཟང་པོ་དེ་ཚན་རིག་པ་ཚོས་སློབ་སྦྱོང་བྱས་ནས་ཕྱི་དངོས་པོ་ཡར་རྒྱས་འགྲོ་བ་དང་མཉམ་དུ་ནང་བསམ་པའི་དཔལ་ཡོན་ཡར་རྒྱས་འགྲོ་བར་དོ་སྣང་སྤྲད་ནས་དེ་གཉིས་དབར་ལ་འབྲེལ་ལམ་བཟོ་དགོས་རེད། གལ་སྲིད་དེ་ལྟར་མ་བྱས་ན་མ་འོངས་པར་ཚན་རིག་གིས་འཛམ་གླིང་ལ་ཕན་པ་ལས་གནོད་པ་ཆེ་བ་ཡོང་སྲིད་ཀྱི་རེད་ཅེས་གསུངས་ཡོད་རེད་ཅེས་དང། དེ་ནས་མུ་མཐུད་འཛམ་གླིང་ཐོག་འཚེ་མེད་ཞི་བའི་ལྟ་བ་ལ་བརྟེན་ནས་འཛམ་གླིང་ཞི་བདེར་བཀོད་པའི་སྐྱེ་འགྲོ་ཀུན་འཕྲལ་ཕུགས་ཀུན་ཏུ་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་དགོངས་དོན། བདག་ཅག་གི་སྟོན་པའི་རྗེས་འབྲངས་ཤིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་དགོངས་དོན། བོད་བསྟན་སྲིད་ཀྱི་འགན་ཡོད་པའི་ཆ་ནས་བོད་དོན་དང་འབྲེལ་བའི་དགོངས་དོན་ཞེས་གསུམ་གྱི་སྒོ་ནས་གསུངས་སོང།
དེ་རྗེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་གསུང་དོན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་འགྲེལ་བཤད་བྱེད་དགོས་ན། ༧སྐྱབས་མགོན་རིན་པོ་ཆེ་དེ་གནས་བབ་ག་འདྲ་ཞིག་གི་སྒང་ལ་ཡོད་རེད་དེ་ཤེས་དགོས་ཀྱི་རེད། ངའི་ངོས་ནས་བལྟས་ན། ༧རྒྱལ་བ་རིན་པོ་ཆེ་དེ་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་གོང་འཕེལ་གཏོང་མཁན་གྱི་འདྲེན་པ་ཆེན་པོ་ཞིག་རེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་འཛམ་གླིང་འགྲོ་བ་མི་སྤྱིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང། ཞི་བདེར་གནས་རྒྱུ་དེ་དགོངས་པ་དང་པོ་དེ་རེད། དགོངས་གཞི་གཉིས་པ་དེ་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་འཆམ་མཐུན་དང་ཞི་བདེར་གནས་པར་ལེགས་སྐྱེས་འབུལ་རྒྱུ་དེ་གཉིས་པ་རེད། གསུམ་པ་བོད་མི་ཞིག་དང་བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ཡིན་པའི་ངོས་ནས་བོད་པའི་རྩ་དོན་ལ་འགན་ཡོད་གསུང་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བཀའ་སློབ་དེ་རེད། དགོངས་གཞི་དེ་དག་ལ་ང་ཚོ་བོད་པ་མི་རེ་ངོ་རེས་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ལ། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དུ་གོ་བ་མ་ལོག་པ་བྱེད་རྒྱུ་དེའང་གལ་ཆེན་པོ་རེད། ཆོས་ལུགས་ཀྱི་ཆ་ནས་བཤད་ན་༧རྒྱལ་བ་རིན་པོ་ཆེ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རེད། ཆབ་སྲིད་ཀྱི་ཆ་ནས་བཤད་ན་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་རེད། དེར་བརྟེན་༧གོང་ས་མཆོག་ལ་འཛམ་གླིང་སྤྱི་ཡོངས་ཀྱི་འགན་ཁུར་དེ་མང་བ་ཡོད་པའི་གནས་སྟངས་ཤིག་རེད། བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་བྱང་ཆུབ་སེམས་དཔའ་ཡང་མ་རེད་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་མ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ཆ་ནས་མི་ཐ་མལ་པ་ཞིག་རེད། ལོ་དྲུག་ཅུའི་རིང་མི་རིགས་དང་ཆབ་སྲིད། རྒྱལ་ཁབ་ཀྱིི་གནས་སྟངས་ལ་བལྟས་ན་བོད་མི་དཀྱུས་མ་ཚོས་བཀའ་སློབ་ལམ་སྟོན་ཉམས་ལེན་བྱེད་པའི་སྐབས་སུ་དམིགས་ས་དེ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་མཐའ་མ་དེ་ལ་དམིགས་དགོས་ཀྱི་རེད་ཅེས་སོགས་གསུངས་སོང།
མཐའ་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རླབས་ཆེ་ཤོས་དེ་ངས་བལྟས་པ་ཡིན་ན། སོ་སོའི་ལྟ་བ་དང་ལངས་ཕྱོགས་དོར་མི་དགོས་པའི་ཐོག་ནས་གཞན་དག་ལ་བསམ་བློ་གང་ཡོད་པ་དང་མཐུན་གྱི་མེད་ཀྱང། སོ་སོ་ལ་བློ་གཏོད་ཐུབ་པ་ཞིག་༧རྒྱལ་བ་རིན་པོ་ཆེས་བཟོ་ཐུབ་ཀྱི་འདུག དེ་ཧང་སངས་པ་ཞིག་རེད་བསམ་གྱི་ཡོད། འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོར་བལྟ་ཡི་ཡོད་ན་འདྲ། ཕལ་པའི་ངོ་བོར་བལྟ་ཡི་ཡོད་ན་འདྲ། ཆོས་ལ་དད་པ་ཡོད་པ་དང་མེད་པ་གང་ཡིན་རུང། ཆབ་སྲིད་ཀྱི་གནས་སྟངས་སྐྱོ་པོ་འདི་འདྲའི་འོག་ཏུ་བོད་ལྟ་བུའི་ལུང་པ་ས་ཆའི་ཆ་ནས་ཆེན་པོ་རེད་དེ་མི་འབོར་གྱི་ཆ་ནས་ཉུང་ཉུང་དེ་འདྲ་ཞིག་གི་ནང་ནས། རྒྱལ་སྤྱིའི་ནང་དུ་དེང་སང་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་ན་འདྲ། ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་ན་འདྲ། ལྷག་པར་དུ་ནུབ་ཕྱོགས་སུ་འོས་བླུགས་པའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེ་ཨང་དང་པོ་མིན་ནའང་གཉིས་པ་ལ་རང་བཞིན་གྱིས་སླེབས་ཡོང་གི་འདུག དེ་ག་རང་གིས་ཧང་སངས་པའི་སྐད་ཆ་ཞིག་རེད། དེ་འདྲ་ཆགས་དགོས་པའི་རྒྱུ་མཚན་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་ལ་བསམ་བློ་གཏོང་དགོས་ཀྱི་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་ག་འདྲ་རེད་འདུག་དེ་ལ་ག་ཚད་ཀྱིས་སྙོབ་ཀྱི་འདུག་བལྟས་ནས་འགྲོ་རྒྱུ་རེད་མ་གཏོགས། ༧རྒྱལ་བ་རིན་པོ་ཆེ་ནང་བཞིན་ཞིག་བྱེད་ཀྱི་ཡིན་ཟེར་ན་ཁག་པོ་རེད། ཁ་ཤས་ཀྱིས་ག་རེ་བཤད་ཀྱི་འདུག་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་དགོངས་པ་བང་བསྒྲིགས་ཡོང་དུས་བོད་ཀྱི་གནས་ཚུལ་དེ་བཞི་པ་ལ་བཞག་འདུག བོད་དེ་གལ་ཆེན་པོ་བརྩི་ཡི་མི་འདུག ༧རྒྱལ་བ་རིན་པོ་ཆེ་བོད་པ་ཡིན་སྟབས་བོད་པའི་འགན་དེ་མང་ཙམ་ཁུར་དགོས་ཀྱི་རེད་ཅེས་སྤྱི་ཚོགས་ནང་དུ་སྐད་ཆ་ཡོང་སྡོད་ཀྱི་ཡོད་རེད། དེ་ཚོའི་གྲས་ཀྱིས་༧རྒྱལ་བ་རིན་པོ་ཆེ་གནད་དོན་གཞན་དག་རྣམས་སྒང་ལ་བཞག་པར་དགོས་པ་དང་ཕན་ཐོགས་ཤིག་ཡོད་རེད་བསམ་གྱི་འདུག་གམ། བོད་དོན་གཅིག་པུ་གླེང་བསྡད་ན་ཉན་མཁན་ག་ཚོད་ཡོང་གི་རེད། འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་འཁུར་དང་ཡ་རབས་བཟང་སྤྱོད་སྐོར་གསུང་དུས་མི་ཁྲི་ཕྲག་བྱས་ནས་ཡོང་གི་འདུག དེའི་ཞོར་ལ་བོད་དོན་དེ་ཁྱབ་བསྒྲགས་འགྲོ་སྡོད་ཀྱི་ཡོད་རེད་ཅེས་སོགས་གསུངས་སོང།
རིག་གནས་བགྲོ་གླེང་ཐེངས་བཞི་པའི་སྐབས་སུ་མཐོ་སློབ་ག་ཚོད་ཀྱི་སྐུ་ཚབ་ཡོད་མེད་ས་རཱ་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་རབ་བརྟན་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་མཐོ་སློབ་ཁག་བཅོ་ལྔ་ལ་ལན་བཏང་ཡོད་རེད། སློབ་གྲྭ་རེ་རེའི་སྐུ་ཚབ་སློབ་མ་གཉིས་རེ་རེད། འོན་ཀྱང་སློབ་གྲྭ་ཁག་ཅིག་གུང་གསེང་ལ་ཁེལ་བའི་རྐྱེན་གྱིས་དངོས་སུ་བཅར་མཁན་སློབ་གྲྭ་ཅཱན་དྷི་གྷར་མཐོ་སློབ་དང། བྷ་རོ་ཊ་མཐོ་སློབ། ཅི་ནའེ་མཐོ་སློབ། བྷེང་ལོར་མཐོ་སློབ། དྷི་ལི་མཐོ་སློབ། འབྲི་གུང་བཀའ་བརྒྱུད་མཐོ་སློབ། དྷ་སའི་ཉེ་འགྲམ་གྱི་ཀིརྟི་དགོན་པ་དང། སྨན་རྩིས་ཁང། རྫོང་གསར་བཤད་གྲྭ། དྷ་ས་རིགས་སློབ། གསོག་སྒར་སློབ་གྲྭ་བཅས་ཁག་བཅུ་གཅིག་གི་སྐུ་ཚབ་སློབ་མ་༢༢ ཡོད་ཅེས་དང། ཟུར་ཉན་གྱི་ཁྲོད་ནས་ཨ་རིའི་ཨེ་མོ་རིའི་མཐོ་སློབ་ཀྱི་སློབ་མ་དང། ས་རཱ་རང་གི་སློབ་མ། ནོར་གླིང་མཐོ་སློབ་སོགས་ཁྱོན་བསྡོམས་མི་གྲངས་༣༠ ཙམ་མཉམ་ཞུགས་བྱས་ཡོད་ཅེས་བརྗོད་བྱུང།།
{jcomments on}