མང་གཙོ་ཡར་རྒྱས་ཀྱི་རྣམ་པ།
མི་མང་གི་ནང་དུ་ཕྱིར་ཕེབས་ནས་ང་བཀའ་ཁྲིར་ལངས་རྒྱུ་ཡིན་ལ་དམིགས་ཡུལ་དང་འཆར་གཞི་འདི་དང་འདི་ལྟ་བུ་ཡོད། མི་མང་གིས་རྒྱབ་སྐྱོར་གནང་རོགས་ཞེས་གསུངས་ཐུབ་མཁན་ཡང་ཡོང་གི་ཡོད་པ་ནི་མང་གཙོ་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་བསྒྱུར་བ་ཞིག་ཡིན་པ་བཤད་མི་དགོས་པ་རེད། འདས་པའི་དུས་སུ་དཔོན་རིགས་གང་མང་ཞིག་གིས་ང་སྡོད་འདོད་མེད་ཀྱང་མི་མང་གིས་བདམས་པ་རེད་ཅེས་དང། ལས་དོན་མ་འགྲུབ་པའི་སྐབས་ཀྱང་ངན་ཁག་མི་མང་ལ་གཡོགས་པ་ལྟ་བུའི་གནས་ཚུལ་གང་མང་ཡོང་གི་ཡོད། ད་ཆ་མི་མང་ནང་ཕེབས་ནས་ང་ལ་བཀའ་ཁྲི་བྱེད་འདོད་ཡོད་པས་རྒྱབ་སྐྱོར་གནང་རོགས་གསུང་མཁན་ཡོད་པ་དེ་བསྔགས་བརྗོད་ཀྱི་རང་བཞིན་ཞིག་རེད། དེ་བཞིན་སྤྱི་འཐུས་ཀྱི་ནང་དུ་དེ་ལྟ་བུ་མི་མང་གི་མདུན་དུ་ཡོང་ནས་ང་ལ་རྒྱབ་སྐྱོར་གནང་རོགས། དམིགས་ཡུལ་དང་ལངས་ཕྱོགས་ལས་དོན་བྱེད་ཕྱོགས་ཀྱི་བསམ་འཆར་འདི་དང་འདི་ལྟ་བུ་ཡོད་ཅེས་བཤད་ཐུབ་མཁན་ཡོང་དགོས་ཀྱང་ད་ལྟའི་ཆར་ཧ་ཅང་དཀོན་པོ་རེད། སྤྱི་འཐུས་གནང་འདོད་ཡོད་པ་རྣམས་ཀྱིས་རང་ཉིད་ཀྱི་ལངས་ཕྱོགས་དང་དམིགས་ཡུལ། གྲོས་ཚོགས་ནང་དུ་འགན་ཁུར་སྟངས། སྤྱི་ཚོགས་ཀྱི་དཀའ་ངལ་གང་དང་གང་ཡིན་པ་དེ་དག་སེལ་ཐུབ་པའི་བསམ་འཆར་རླབས་ཆེན་ཁག་འཛིན་སྐྱོང་ལ་འབུལ་དགོས་པ་གང་ཡོད་འོས་འདེམས་མ་བྱས་པའི་གོང་དུ་མི་མང་གི་ནང་གསལ་པོ་བཟོས་ནས་འགྲན་རྩོད་དུ་ཞུགས་ཐུབ་དགོས་པ་ནི་གལ་ཆེ་ཤོས་སུ་གྱུར་ཡོད།
ད་ལྟའི་ཆར་སྤྱི་འཐུས་སུ་ལངས་འདོད་ཡོད་པ་མང་པོ་ཞིག་གིས་རང་ཉིད་ཚུད་པའི་འོས་གཞི་ཞིག་བཟོས། དེ་མི་གཞན་ཞིག་གི་མིང་ཐོག་ནས་སམ། ཡང་ན་སྐྱིད་སྡུག་གང་རུང་གི་མིང་ཐོག་ནས་སྤྱི་ཚོགས་ནས་བཀྲམ་ཐབས་བྱེད་བཞིན་ཡོད། མི་སྒེར་དང་ཚོགས་པ་སྐྱིད་སྡུག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱིས་འོས་གཞི་འདོན་པའི་བྲེལ་ཟིང་གི་བར་ནས་བལྟས་ན་མི་ཚང་མ་སྤྱི་འཐུས་བྱེད་མཁན་ཡིན་པ་ལྟ་བུ་འདུག་ལ། འོས་གཞི་དེ་དག་ལ་བརྟེན་ནས་མ་འོངས་པར་ནུས་པ་ཞིག་ཐོན་ཐུབ་མིན་ཡང་ཧ་ཅང་བཤད་དཀའ་བ་ལྟ་བུར་གྱུར་འདུག ལོ་རེ་ནས་ལོ་རེ་བཞིན་འོས་གཞི་བཀྲམ་མཁན་མང་དུ་འགྲོ་བཞིན་པར་བལྟས་ན་མ་འོངས་པར་འོས་གཞི་བཀྲམ་ནས་ནུས་པའམ་ཤུགས་རྐྱེན་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་པ་རེད། སྐབས་དེར་ཕྱོགས་ཞེན་སྣ་ཚོགས་ཀྱིས་སྦགས་པའི་འོས་གཞི་རྣམས་ལ་མཐོང་དང་ཆ་འཇོག་གང་ཡང་མེད་པར། འོས་འགྲན་པ་སོ་སོ་རང་ངོས་ནས་སྤྱི་ཚོགས་ནང་དུ་གཏམ་བཤད་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བྱེད་དགོས་པའི་དུས་སུ་སླེབས་ཐུབ་ན་བཙན་བྱོལ་བོད་མིའི་མང་གཙོ་ཡར་རྒྱས་སུ་སོང་བའི་རྟགས་གསལ་པོ་བསྟན་པ་རེད། དེ་མིན་འོས་གཞི་བཀྲམ་དང་མ་བཀྲམ་གྱི་ཁྱད་པར་ལ་བརྟེན་ནས་ཐོབ་ཤོར་གྱི་དབྱེ་བ་འབྱེད་དགོས་ན་ད་དུང་མི་མང་ཁྲོད་མང་གཙོའི་གོ་རྟོགས་ཧ་ཅང་ཞན་པ་དང། འོས་གཞི་བཀྲམ་མཁན་དེ་དག་གིས་ཀྱང་མི་མང་ལ་མཐོང་དང་ཆ་འཇོག་གང་ཡང་མ་གནང་བ་ལྟ་བུར་གྱུར་པ་རེད། མདོར་ན་འོས་གཞི་མང་དུ་མང་དུ་སོང་ནས་མི་མང་འོས་གཞི་ལ་ཞེན་པ་ལོག་དགོས་པ་ལྟ་བུ་ཞིག་ཏུ་འགྱུར་དགོས་པ་རེད་ལ། དེ་ལ་བརྟེན་ནས་རིམ་པས་འོས་འགྲན་པ་རྣམས་མི་མང་གི་མདུན་དུ་དངོས་སུ་སླེབས་དགོས་པ་ཞིག་ཏུ་འགྱུར་དགོས་པ་རེད། དེ་ལ་བརྟེན་ནས་མི་མང་གི་ངོས་ནས་རང་ཉིད་ཀྱིས་འོས་འདེམས་བྱས་པའི་འཐུས་མི་དེ་དག་གི་ཤེས་ཡོན་དང་དམིགས་ཡུལ་སོགས་ཀྱི་ཆ་རྐྱེན་མཐོང་ཐུབ་པ་བཅས་ད་ལྟ་བཞིན་མུན་ནག་མདའ་འཕེན་ལྟ་བུ་མི་དགོས་པས་ཧ་ཅང་གལ་ཆེ། ད་ཆ་འོས་གཞི་འདྲ་མིན་བཀྲམ་མཁན་མང་དུ་འགྲོ་བཞིན་པ་འདི་དག་ཀྱང་འོས་འགྲན་པ་སྤྱི་ཚོགས་ཀྱི་ཁྲོད་དངོས་སུ་ཐོན་དགོས་ངེས་བཟོ་བ་ཡར་རྒྱས་ཀྱི་སྟ་གོན་ལྟ་བུར་གྱུར་ཡོད།།