ཨ་རིར་བོད་མིའི་འོས་བསྡུ་དང་འབྲེལ་བའི་ཁ་པར་ཚོགས་འདུ།

བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༢༣ ཉིན། ཁ་པར་ཐོག་ནས་ས་གནས་སོ་སོའི་དུས་ཚོད་ཁྱད་པར་དང་བསྟུན་ཏེ་ཚོགས་འདུ་ཐེངས་གསུམ་བསྐོང་ཚོགས་གནང་ཡོད་པ་དང།  ས་གནས་སོ་སོའི་དེབ་སྐྱེལ་གྱི་གནས་སྟངས་ཇི་ཆགས་དང་། འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་དོགས་དྲི་ཇི་ཡོད་ལ་གསན་རྒྱུ་དང་། དེ་དག་ལ་ལན་འདེབས་གསལ་བཤད་གནང་རྒྱུ། དེ་བཞིན་ས་གནས་མང་ཚོགས་ལ་དེབ་སྐྱེལ་གྱི་གོ་སྐབས་གང་ཐུབ་བསྐྲུན་ཐབས་བཅས་ཀྱི་སྐོར་ཡིན་པ་རེད།

སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་འོས་བསྡུའི་སྐབས་འོས་འཕེན་གྱི་ཐོབ་ཐང་ལྡན་པའི་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་པའི་ཆེད། ས་གནས་སོ་སོའི་གནས་སྟངས་ལ་གཞིགས་པའི་ལས་འགུལ་འདྲ་མིན་སྤེལ་རྒྱུའི་འབོད་སྐུལ་གནང་རྒྱུ་བཅས་ནི། ཐེངས་འདིའི་ཁ་པར་ཚོགས་འདུའི་ནང་དོན་གཙོ་བོ་དེ་ཡིན་འདུག  དེ་ཡང་ལྷོ་ཁ་ལི་ཕོ་ནི་ཡ་དང་།  བྱང་ཁ་ལི་ཕོ་ནི་ཡ།  པོཊ་ལེན་ཌི།  སལ་ཌར་བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་།  ཀྲོ་རོན་ཀྲོ་དང་།  མོན་ཁྲེ་རོལ།  ཨིན་རྡི་ཨན་ནཱ།  ཕྷི་ལ་དི་ཕྷི་ཡ།  ནིའུ་ཡོག  ནིའུ་འཇར་སི།  སྦོ་སོ་ཀྲོན་བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་།  ཁོ་ལོ་རལ་ཌོ་དང་།  མི་ནི་སུད་ཀྲར།  མལ་ཌི་སིན།  ཆི་ཀ་གྷོ་བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ལ། སྡེ་ཚན་དུ་ཕྱེས་ནས་དུས་ཚོད་ཆ་བགོས་ཀྱིས་ཁ་པར་བརྒྱུད་བགྲོ་གླེང་བྱས་ཡོད་པ་རེད།

གོང་གསལ་ས་གནས་ཁག་ནས་དཔྱ་དངུལ་དུས་ཐོག་ཕུལ་ཡོད་ཀྱང་།  དཔྱ་ཁྲལ་ལག་དེབ་བོར་བརླགས་སོང་ན་དེབ་སྐྱེལ་བྱེད་ས་མེད་པ་དང། དཔྱ་ཁྲལ་ལག་དེབ་བཟོ་རྒྱུའི་སྙན་ཞུ་ཕུལ་ཟིན་ཡང་།  དཔྱ་དེབ་ལག་པར་མ་རག་མཁན་གྱིས་དེབ་སྐྱེལ་བྱེད་ཆོག་དང་མ་ཆོག  སྤྱི་འཐུས་དང་བཀའ་ཁྲིའི་གཞུང་འབྲེལ་གྱི་འོས་གཞི་ད་ལྟ་ཡོད་དང་མེད། དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཨ་རིར་ཕེབས་ནས་ཨ་རི་རང་དུ་དཔྱ་དེབ་གསར་པ་བཟོ་རྒྱུའི་གོ་སྐབས་སྐྲུན་ཐུབ་དང་མི་ཐུབ།  ལོ་མང་དཔྱ་དངུལ་མ་ཕུལ་མཁན་རྣམས་ལ་ཡང་བསྐྱར་ཆག་ཡངས་ཀྱི་གོ་སྐབས་ཡོད་དང་མེད། སྔོན་མ་དེབ་སྐྱེལ་ཟིན་པ་ཞིག་གིས་ཡང་བསྐྱར་དེབ་སྐྱེལ་བྱེད་དགོས་མི་དགོས་སོགས་ཀྱི་དོགས་དྲི་གནང་བ་ཁག་ལ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་ལན་འདེབས་གནང་ཡོད་འདུག

དེ་རྗེས་ས་གནས་འོས་བསྡུ་ལས་ཁང་གི་ངོས་ནས་ཚོགས་འདུར་མཉམ་ཞུགས་གནང་མཁན་ས་གནས་ཁག་ལ་སྔོན་འགྲོ་དང་།  དངོས་གཞིའི་འོས་བསྡུའི་སྐབས་མང་ཚོགས་གང་མང་བསྡུ་འཛོམས་ཐུབ་པའི་ཆེད་དམིགས་བསལ་གྱི་ལས་འགུལ་སྤེལ་གནང་ཡོང་བ་དང་།  ས་གནས་ཁག་ཚང་མ་དང་།  ལྷག་པར་དུ་མི་གྲངས་ཆིག་སྟོང་ལྷག་འདུས་སྡོད་བྱེད་སའི་ས་གནས་ཁག་ནས་དེབ་སྐྱེལ་གྱི་ལས་དོན་དུས་བཀག་ནང་ཚར་བའི་ཆེད་རོགས་པ་བྱེད་མཁན་དང་བླང་མི་སྣ་བཙལ་འཚོལ་དགོས་པ།  འོས་བསྡུ་དང་འབྲེལ་བའི་སྐོར་ད་བར་གསལ་བསྒྲགས་ཐེངས་བཞི་སོང་ཟིན་པ་རྣམས་ལ་ཡང་བསྐྱར་ཐུགས་སྣང་ཡོང་བ།  ས་གནས་སོ་སོའི་དེབ་སྐྱེལ་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་སོགས་གསར་གནས་ཇི་ཡོད་ས་གནས་འོས་བསྡུ་ལས་ཁང་ལ་དུས་ནས་དུས་སུ་སྙན་སེང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང།  གོང་གསལ་ཁ་པར་ཚོགས་འདུར་མཉམ་ཞུགས་མ་ཐུབ་པའི་ས་གནས་རྣམས་བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་ཁ་པར་ཚོགས་འདུ་ཚོགས་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}