༧གོང་ས་མཆོག་ལ་ལོ་འཁོར་རྒྱལ་སྤྱིའི་གཟེངས་རྟགས་ཕུལ་འདུག
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སུད་སི་ཇི་ནི་ཝ་རུ་ཡོད་པའི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་བརྒྱུད་ནས། ཨི་ཊ་ལིའི་ཇིལ་སིའི་གྲོང་བརྡལ་གྱི་ལོ་འཁོར་རྒྱལ་སྤྱིའི་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ་ཡོད་པ་དང། དེ་ཡང་༧གོང་ས་མཆོག་གིས་རྟག་ཏུ་འཛམ་གླིང་ནང་བྱམས་པ་དང་སྙིང་རྗེ། དྲང་བདེན་སོགས་ཀྱི་ལམ་སྟོན་གནང་བཞིན་ཡོད་པ་དང། ལམ་སྟོན་དེའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་རྒྱས་འགྲོ་བར་ཧ་ཅང་ཕན་རླབས་ཆེན་པོ་བྱུང་ཡོད་པས། ཨི་ཊ་ལིའི་ཇིལ་སིའི་ས་གནས་ངོས་ནས་ཕུལ་པ་ཡིན་ཞེས། གྲོང་བརྡལ་དེའི་དབུ་འཁྲིད་སྐུ་ཞབས་མཱི་ཁལ་ཨ་རཱོ་མཆོག་གིས་གསུངས་ཡོད་པ་རེད།
ལོ་འཁོར་གྱི་མཛད་སྒོ་དེ་གྲོང་བརྡལ་དེའི་ཚོགས་པ་ཁག་ཅིག་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་བྱས་་ཡོད་པ་ནས། ཉིན་དང་པོར་ས་གནས་མི་མང་༢༠༠༠༠ ལྷག་ཙམ་འཛོམས་ཡོད་འདུག དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ཚོས་ཞི་བདེའི་སྨོན་ལམ་གསུངས་པ་དང། དཀྱིལ་འཁོར་བླུགས་ནས་ཡུལ་དེའི་ས་གནས་མི་མང་ལ་མཇལ་ཁ་གནང་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེན་སྤེལ་ཡོད་པ་རེད།།
སྐབས་དེར་གཟེངས་རྟགས་བཞེས་མཁན་ཇི་ནི་ཝ་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱིས། “ཨི་ཊ་ལིའི་གྲོང་བརྡལ་ཆུང་ངུ་འདིའི་ནང་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་དད་འདུན་གནང་པ་དང། དཀའ་སྡུག་ཆེ་བའི་བོད་མི་མང་གི་གནས་བབས་ལ་སེམས་འཁུར་གནང་པ་འདིས། ང་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་ལ་སྐུལ་ལྕག་ཡང་ཆེན་པོ་ཐེབས་བྱུང་”ཞེས་གསུངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
{jcomments on}
.