སྤིས་ཏིས་རམ་འདེགས་ནང་བསྟན་ཚོགས་པ་དང་རྒན་རྡོ་རྗེ་རྒྱལ་པོ།
བུ་གསོ་ཁང་དེ་ནི་ནོར་བུ་གླིང་གའི་ཉེ་འཁྲིས་ཀྱི་གྲོང་གསེབ་ཏུ་ཆགས་ཡོད་པ་དང། སྔོ་ལྗང་གི་ཞིང་ཁས་མཐའ་བསྐོར་ཡོད་ཅིང། སྔར་ནས་དེར་ཐའེ་ཝན་གྱི་སྦྱིན་བདག་སྒུག་མཁན་སློབ་གྲྭའི་བོད་དགེ་ལྷ་ལུང་ལགས་དང་སྒྲོལ་མ་གླིང་དུ་ནང་ཆོས་སློབ་གཉེར་བ་ཐའེ་ཝན་ཨ་ཅག་ལགས་གཉིས་མཉམ་དུ་དེར་ཐུག་བྱུང། ངེད་གསུམ་ཁང་པའི་ཕྱི་སྒོ་ནས་ནང་དུ་འཛུལ་རྗེས་གཙང་བཟོའི་ལས་ཀ་བྱེད་མཁན་གཞོན་ནུ་མ་ཞིག་དང་གཞན་གྲྭ་པ་རྒན་པ་ཞིག་མཐོང། ང་རང་སྣེ་ལེན་ཁང་མིག་ལྟ་བུ་ཞིག་ཡོད་པ་དེར་ཁོ་གཉིས་དང་མཉམ་དུ་དུས་ཡུན་གང་ཙམ་བསྡད། སློབ་གྲྭའི་བོད་དགེ་ལྷ་ལུང་ལགས་ཀྱིས་གསུང་པ་ལྟར་ན། དེ་རིང་ཐའེ་ཝན་ནས་ཡོང་མཁན་སྦྱིན་བདག་ཅིག་འདིར་ལྟ་སྐོར་ཡོང་རྒྱུ་བྱས་པ་དེ་ནི་ཐའེ་ཝན་ཨ་ཅག་ལགས་ཀྱིས་འབྲེལ་མཐུད་བྱས་པ་རེད་ཟེར་ལ། ཁང་མིག་དེར་ཡོད་སྒྲོག་རྩེ་དང་རྐུབ་སྟེགས་འགའ་ཡོད་པ་དེ་ཚོ་ནི་རང་གཞུང་ཤེས་རིག་ལས་ཁུངས་ནས་རོགས་རམ་གནང་བ་རེད་ཟེར། སྐད་ཆ་བཤད་བཞིན་ངས་བུ་གསོ་ཁང་ནང་གི་སློབ་མ་ཚོའི་ཉལ་ཁང་དང་འཛིན་ཁང། བུ་གསོ་ཁང་གི་སྤྱི་ཁོག་བཅས་ལ་དཔར་འགའ་ཡང་བླངས་པ་ཡིན།
དེ་ནས་ཡུན་ཙམ་རྗེས་སུ་ཐའེ་ཝན་སྦྱིན་བདག་ཕོ་མོ་གཉིས་དེར་འབྱོར་ཞིང། ཁོ་གཉིས་ཀྱིས་བུ་གསོ་ཁང་ལ་ཨ་སྒོར་༡༠༠༠ དང་ཧིན་སྒོར་༡༠༠༠༠ དེ་མིན་གྱོན་ཆས་ཤོག་ཁུག་གཉིས་གསུམ་ཙམ་དང། ཐའེ་ཝན་ནས་འཁྱེར་ཡོང་བའི་རྒྱ་སྨན་འགའ་ཡང་སྤྲད་པ་མ་ཟད། དེ་ནི་སྦྱིན་བདག་རུས་མིང་ལིའི་ཟེར་བ་ཁོས་སྔར་བཞིན་གྲོགས་ཕོ་མོ་ཚོར་རྒྱ་གར་ཡུལ་སྐོར་འགྲོ་ཡི་ཡིན་ལུགས་བཤད་ནས་བསྡུ་རུབ་བྱས་པ་དང། གྱོན་ཆས་སོགས་མང་དྲགས་པར་བརྟེན་གནམ་ཐང་ནས་ལྗིད་ཚད་བརྒལ་བའི་སྐོར་སོགས་འགྲེལ་བརྗོད་ཀྱང་གསལ་ཙམ་བྱས་སོང། བོད་དགེ་ལྷ་ལུང་དང་ཐའེ་ཝན་ཨ་ཅག་ལགས་གཉིས་ཀྱིས་དུས་ཐོག་སྒོར་མོའི་བྱུང་འཛིན་འབྲི་རོགས་བྱས་རྗེས་སློབ་གྲྭ་དེའི་གཙོ་འགན་པ་གྲྭ་པ་བགྲེས་པོ་སྤི་ཏི་བ་རྒན་རྡོ་རྗེ་རྒྱལ་པོས་ས་ཡིག་བརྒྱབ་ནས་རོགས་དངུལ་སོགས་རྩིས་ལེན་བྱས་སོང།
དེ་རྗེས་ངས་རྒན་རྡོ་རྗེ་རྒྱལ་པོར་བུ་གསོ་ཁང་དེའི་ལོ་རྒྱུས་དྲིས་པར་ཁོང་གིས། སློབ་གྲྭ་དེ་ནི་ཐོག་མའི་དུས་སུ་སྤི་ཏིར་ཡོད་པའི་རྒན་ཁོང་གི་བླ་མ་གྲུབ་ཆེན་ཞིག་གི་སྒྲུབ་ཕུག་དེ་སྐྱར་གསོ་བྱས་ནས་དེར་དགོན་པ་ཞིག་རྒྱག་ཐུབ་པའི་དམིགས་ཡུལ་གཙོ་བོ་བཟུང་བ་ཡིན་ལུགས་དང། དེ་བཞིན་ཁོང་གི་འབྲེལ་ཡོད་ལོ་ཚོད་མཉམ་པའི་གྲྭ་པ་རྒན་རབས་ཚོས་ཐེངས་མང་གྲོས་མགོ་བཏོན་ནས་དེའི་ཆེད་དུ་ཚོགས་པ་ཞིག་འཛུགས་རྒྱུ་བྱས་པ་མ་ཟད། རྒྱ་གར་གཞུང་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོང་བའི་སྙན་སེང་ཕུལ་ཡང་ད་བར་ལན་མ་བྱུང་ཟེར། དེ་རྗེས་རྒན་རྡོ་རྗེ་རྒྱལ་པོས་ལོ་ཆེན་རིན་པོ་ཆེས་གང་ཅིའི་ཐད་དུ་གྲ་སྒྲིག་བྱ་རྒྱུ་ཡིན་པའི་ཚོགས་པ་དེར་རམ་འདེགས་ནང་བསྟན་ཚོགས་པ་ཞེས་མིང་གནང་རྗེས་ཀྱི་ཕྱི་ལོ་༡༩༩༧ ལོར་ཚོགས་པ་དངོས་སུ་འགོ་བཙུགས་པ་ཡིན་གསུངས།
ཚོགས་པ་མ་བཙུགས་པའི་སྔོན་ཙམ་ལ་རྒན་རྡོ་རྗེའི་ཡུལ་གཅིག་པའི་མཐོ་རིམ་སློབ་མ་ཉི་ཤུའི་ཁྱིམ་མིས་སྒོར་མོས་རྒྱབ་སྐྱོར་རག་གཏན་འཁེལ་ཡིན་པས། རྒན་ལགས་ཀྱིས་ཁྱིམ་དང་ས་ཐག་རིང་སར་གནས་པའི་སློབ་མ་དེ་དག་ལ་ཟས་གཡོ་བསྐོལ་གནང་རོགས་ཞུས་པ་བཞིན་གནང་འདུག
དེ་ནས་རྒན་ལགས་ཀྱིས་སྐུ་སྒེར་ཡིག་ཚང་ནས་དེ་སྔོན་ཁང་པ་གསར་རྒྱག་གི་ཆེད་དུ་སྔ་ཕྱི་བསྡོམས་འབུམ་བཅུ་དགུ་ཙམ་གསོལ་རས་བཏང་གནང་མཛད་པ་དང། རང་གཞུང་ཤེས་རིག་ལས་ཁུངས་ནས་ལོ་བརྒྱད་ཀྱི་སྔོན་ནས་སློབ་གྲྭ་འདིའི་དགེ་རྒན་གཅིག་ལ་ཟླ་ཕོགས་ཧིན་སྒོར་༡༥༠༠ རེ་ལོ་གཅིག་ལ་གནང་བ་དང། འདི་ལོར་དགེ་རྒན་གཉིས་ཀྱི་དོད་དུ་ཟླ་ཕོགས་གནང་བཞིན་ཡོད་པ་རེད་ཟེར།་
ད་ལྟའི་ཆར་རམ་འདེགས་ནང་བསྟན་ཚོགས་པར་ལས་མི་བཅུ་བཅིག་ཡོད་པ་དང། དེའི་ནང་ནས་མ་བྱན་གཉིས་ལ། ཟླ་ཕོགས་ཧིན་སྒོར་༢༥༠༠དང། གཙང་བཟོ་བྱེད་མཁན་གཉིས་ལ་ཟླ་རེར་༡༢༥༠ རེ། བོད་དགེ་གཉིས་གསུམ་གྱི་ཚོད་ལ་བསྡོམས་ཧིན་སྒོར་༤༥༠༠ མ་ཚབ་གཉིས་ལ་བསྡོམས་༣༠༠༠ བཅས་ཕོགས་དོད་གནང་གི་ཡོད་པ་དང། དེ་མིན་ཟས་རིན་སོགས་ཀྱི་འགྲོ་སོང་ཅུང་མང་བའི་སྐོར་གསུངས་བྱུང།
འོན་ཀྱང་དུས་ཚོད་ཀྱི་རྐྱེན་པས་ལྷོད་བསྡད་ཀྱིས་བུ་གསོ་ཁང་འདིའི་སྐོར་ཞིབ་ཕྲ་འདྲི་ཁོམ་མ་བྱུང་ཡང། བུ་གསོ་ཁང་གི་བོད་དགེ་ལྷ་ལུང་ལགས་ཀྱིས་གསུང་པ་ལྟར་ན་དེ་སྔོན་ནས་བུ་གསོ་ཁང་འདི་བཙུགས་རྗེས་ཀྱང་དཔལ་འབྱོར་གྱི་དཀའ་ངལ་རྒྱུན་དུ་འཕྲད་མུས་དང། ཁོང་སྒེར་ངོས་ནས་ཀྱང་བུ་གསོ་ཁང་འདི་ལ་དངུལ་མང་ཙམ་གཡར་མྱོང་ཞིང། ནོར་གླིང་ཉེ་འཁྲིས་ཀྱི་ཚོང་ཁང་ཁག་ཏུའང་རྒན་རྡོ་རྗེ་རྒྱལ་པོས་བུ་ལོན་ཧིན་སྒོར་ཁྲི་བཅུ་ལྷག་ཙམ་གཡར་དགོས་བྱུང་ཡོད་པ་རེད་འདུག
འོན་ཀྱང་བུ་གསོ་ཁང་གི་རྒན་རྡོ་རྗེ་རྒྱལ་པོས་གསུང་པ་ལྟར་ན་མ་ཁང་གི་ས་ཆ་འདི་ཁོང་ཚོའི་ཚ་བོ་འཇོན་པོ་ཞིག་གིས་རྒྱ་གར་ཁོངས་མིའི་མིང་ཐོག་ནས་ཉོས་པ་དང། དེའང་ཧིན་སྐད་དང་དབྱིན་སྐད་བཅས་ལ་བྱང་ཞིང་བྱ་བ་བསྒྲུབ་ཐུབ་པའི་མི་འཇོན་ཐང་ཅན་ཞིག་ཡིན་ཟེར། དེ་མིན་བགྲེས་པོ་རྡོ་རྗེ་རྒྱལ་པོས་ཚོར་ཤུགས་ཆེན་པོས། ང་ཚོ་ནི་དེ་སྔོན་བོད་པ་རེད། ད་ལྟའི་ཆར་རྒྱ་གར་ཁོངས་སུ་ཡོད་ནའང། ནང་པའི་ཆོས་མཐུན་ཡིན་པར་སེམས་ནས་སྙིང་ཉེ་པོ་དང། སོ་སོའི་ཆོས་དང་རིག་གཞུང་མཐུན་པའི་ཕྱོགས་ལ་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད་གསུང་བ་དེས་ང་རང་ཡང་སེམས་འགུལ་མང་ཙམ་ཐེབས་བཅུག་སོང། དེ་བཞིན་ཁོང་གིས་ད་ལྟའི་ཆར་དེ་སྔོན་བླ་མའི་སྒྲུབ་ཕུག་དེར་དགོན་ཆུང་ཞིག་རྒྱག་རྒྱུའི་བསོད་ནམས་དང་བགོ་སྐལ་མ་བྱུང་ཡང། སྟབས་ལེགས་པ་ཞིག་ལ་བུ་གསོ་ཁང་འདི་བཙུགས་ཐུབ་པ་བྱུང་སྟབས་བཟང་པོའི་བྱ་བ་རེད་སྙམ། བུ་གསོ་ཁང་འདི་བཙུགས་ནས་བཟུང། ང་རང་ལ་མཚོན་ན་བུ་གསོ་ཁང་གི་བོད་དགེ་ལྷ་ལུང་ནི་མི་ཧ་ཅང་བཀའ་དྲིན་ཅན་ཞིག་ཡིན། ཁོང་དང་ང་གཉིས་ལས་བཟང་པོས་ཐུག་ཅིང། ཁོང་གིས་ལྷག་བསམ་རྣམ་དག་གིས་རོགས་རམ་གཙོ་བོར་བརྟེན་ནས་ཡོད་ཅེས་སོགས་བོད་དགེ་ལྷ་ལུང་གིས་རོགས་ཕན་གང་བཟང་ཡོད་ལུགས་སྐོར་ཡང་སེམས་ཚོར་ཆེན་པོས་གསུངས་སོང།
དེ་རྗེས་ཀྱང་དུས་བྲེལ་གྱིས་རྐྱེན་པས་རམ་འདེགས་ནང་བསྟན་ཚོགས་པའི་སྐོར་གོང་གི་གནས་ཚུལ་ཙམ་རྒན་རྡོ་རྗེ་རྒྱལ་པོས་གཙོ་བོ་མཁོ་སྤྲོད་གནང་བའོ། གསར་འགོད་པ་གངས་ལྷ་མོ།