གསལ་བསྒྲགས།
སྐྱེས་ཆེན་དམ་པ་དག་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གླེགས་བམ་ཕོན་ཆེན་ཙམ་འབུལ་ལམ་ཞུས་པ་ཡིན་ལ། དེ་ཡང་ལོ་དང་པོར་དཀོན་བརྩེགས་པོད་དྲུག་དང་གཟུངས་འདུས་ཀྱི་སྐོར་པོད་བཞི། ལོ་གཉིས་པར་ཤེར་ཕྱིན་གྱི་སྐོར་པོད་ཉེར་བདུན་དང། ལོ་གསུམ་པར་ཕལ་ཆེན་གྱི་སྐོར་པོད་དྲུག་དང། ལོ་བཞི་པ་དང་ལོ་ལྔ་པར་མདོ་མང་གི་སྐོར་པོད་སོ་ལྔ་དང། ལོ་དྲུག་པ་དང་ལོ་བདུན་པར་འདུལ་བའི་སྐོར་པོད་བཅུ་གསུམ་ཏེ། དེ་ལྟར་སྡེ་ཚན་སོ་སོར་བགོས་ནས་ལོ་རྟག་པར་མར་ཕུལ་བ་རྣམ་པ་ཚོའི་ཕྱག་ཏུ་འཕྲོད་ཡོད་ཤག་ལ། ད་ལོ་རྡོ་གདན་སྨོན་ལམ་ཐེངས་ཉེར་གཉིས་པའི་སྐབས་སུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལས་བྱུང་བའི་རྒྱུད་སྡེའི་སྐོར་གྱི་གླེགས་བམ་པོད་ཉེར་ལྔ་ཙམ་མཐའ་སྡོམ་དཀར་ཆག་བཅས་པ་སྔ་མའི་འཕྲོས་སུ་འབུལ་འཆར་ཡོད་པས། དེ་སྔ་རྫོགས་པར་མ་ཐོབ་མཁན་ཚོ་ད་ལོ་ཕེབས་ནས་བསྣམ་རྒྱུ་བྱུང་ན་བཀའ་འགྱུར་ཧྲིལ་པོ་པོད་བརྒྱ་དང་བཅུ་དྲུག་ཆ་ཚང་བར་འགྱུར་བས་དེ་ལུགས་དགོངས་ཆུབ་དང། དོན་གཉེར་ཅན་རྣམས་ལ་དེའི་ཚུལ་ཁྱབ་བསྒྲགས་གནང་རྒྱུ་བྱུང་ན་སྤྱི་བྱེའི་སྨན་ཡོན་དམ་པར་འགྱུར་ངེས་སྙམ། ད་ལོ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ལག་དང་བཅས་པ་མཆོད་སྤྲིན་གྱི་མངའ་དབུལ་དམ་པར་སྟོབ་པའི་ལས་རིམ་ཆ་ཚང་བ་བཀྲ་ཤིས་བདེ་ལེགས་འགྲུབ་བྱུང་སོང་བས་རང་ཡང་སྐལ་བ་བཟང་པོར་གྱུར་པའི་འདུ་ཤེས་ཀྱིས་དགའ་མགུ་ཡི་རང་བྱེད་བཞིན་ཡོད་ལ། ཡོན་གནས་དམ་པ་རྣམས་ཀྱིས་ཀྱང་དགྱེས་བཞེས་གནང་བ་མ་ཟད། གསུང་རབ་གླེགས་བམ་རྣམས་ལ་ཞབས་ཏོག་གང་གཟབ་ཞུ་བ་དང། ཀློག་འདོན་དང་དཔེ་ལྟ་སོགས་དང་གཞན་གྱི་འཕྲལ་ཕུགས་ཀྱི་དོན་རྒྱ་ཆེན་པོ་མཐུན་རྐྱེན་བཟང་རྒུ་ཞིག་ཏུ་འགྱུར་ཐབས་ལ་དགོངས་བཞེས་ནན་ཏན་གནང་བའི་འབོད་སྐུལ་དང་གསོལ་འདེབས་ཞུ་བ་ལགས།
ཞེས་བོད་རྒྱལ་ལོ་ཟླ་༧ ཚེས་༣༠ ལ་ཨ་རིའི་ནུབ་ཕྱོགས་ཨཽཌི་ཡཱ་ནའི་དགའ་ཚལ་ནས་དར་ཐང་ཀུན་མིང་ཡེ་ཤེས་རྡོ་རྗེས་གུས་ཕུལ།