གཞོན་ནུའི་ལས་དོན་དང་བོད་ཀྱི་མ་འོངས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཉིད་གསར་འཛུགས་བྱས་ནས་ད་བར་རྩ་དོན་ལ་འགྱུར་བ་གཏན་ནས་མ་བཏང་བར་རང་ཚུགས་ཐུབ་པའི་ཚོགས་པ་ཞིག་ཡིན་པ་དང། བོད་དོན་ལས་འགུལ་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐོག་ནས་ཀྱང་བཙན་བྱོལ་ནང་ནས་གཞུང་སྒེར་གང་གི་ཐོག་ནས་འགྲན་མི་བཟོད་པར་འབུར་ཐོན་གྱི་ལོ་རྒྱུས་བགྲང་རྒྱུ་ཡོད། མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ལས་དོན་བྱེད་པའི་སྐབས་བསམ་ཚུལ་ཚང་མ་གཅིག་པ་ཡོང་མི་སྲིད་པ་དང། གལ་སྲིད་བསམ་ཚུལ་ཚང་མ་གཅིག་མཚུངས་ཡོང་གི་ཡོད་ན། སྐབས་དེ་དུས་སྤྱི་ཚོགས་དེའི་མང་གཙོ་ཚད་དང་ལྡན་པ་ཞིག་ཡིན་མིན་ཡང་དྲི་བ་ཞིག་ཏུ་གྱུར་པ་རེད། བསམ་ཚུལ་མི་འདྲ་བ་གང་མང་ཡོད་པ་དང། བསམ་ཚུལ་གང་ཡོད་པ་དེ་ཡང་སྦས་གསང་མེད་པར་ཁ་ཐུག་གིས་བཤད་ན་ལས་དོན་ཡར་རྒྱས་ཡོང་བར་ཕན་རླབས་ཆེན་པོ་ཡོད། སྐབས་རེ་གང་ཟག་སྒེར་གྱི་སྣང་བར་འགྲོ་མིན་གྱི་གནད་དོན་སྤྱི་པའི་སྒྲིག་འཛུགས་ཀྱི་ཐོག་ལ་གཡོགས་མཁན་རིགས་ནི་སྤྱི་ལ་ཤ་ཚ་དང་དགའ་ཞེན་གཏན་ནས་མེད་པའི་རྟགས་གསལ་པོ་བསྟན་པ་རེད། ད་ལྟའི་གཞོན་ལྷན་གྱི་ཚོགས་འདུའི་ནང་ཚོགས་གཞོན་དོན་འགྲུབ་རྡོ་རྗེའི་ལས་དོན་བྱེད་ཕྱོགས་ཀྱི་སྐོར་ལ་བརྟེན་ནས་བསམ་ཚུལ་རིང་ཐུང་མང་པོ་བྱུང་ཡོད་ཀྱང། མཐར་རྩོད་རྙོག་དེ་མང་གཙོའི་ལམ་སྲོལ་དང་མཐུན་པར་ཐག་གཅོད་ཡང་དག་པ་བྱུང་ཡོད་པ་རེད། འོན་ཀྱང་གནད་དོན་འདིའི་འབྱུང་རྐྱེན་གྱི་ཐོག་ལའང་བསམ་བློ་མི་གཏོང་ཀ་མེད་ཡིན་པ་དང། མི་གཅིག་གིས་ལས་དོན་ག་རེ་བྱས་ཀྱང་ཚང་མ་སྐྱོན་ཅན་དུ་མཐོང་བའི་ཉིན་མོ་དེར། སྐྱོན་མཐོང་མཁན་གང་ཟག་དེས་ཐོག་མ་རང་ཉིད་ལ་ཞུས་དག་ཐེངས་གཅིག་བྱེད་དགོས་པ་ལས། ཕ་རོལ་པོའི་ནོར་འཁྲུལ་རྐྱང་པ་ཡིན་མི་སྲིད་པ་ལྟ་བུ་རེད། དེར་བརྟེན་ལོ་བཅུ་མ་ཟིན་ཙམ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་ལས་ཀྱི་ནང་དུ་ཤོག་ཁའི་འཐེན་འཁྱེར་གྱི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དང། དེ་ལ་བརྟེན་ནས་ལས་དོན་བསྒྲུབ་རྒྱུར་ཡང་དུས་ནས་དུས་སུ་དཀའ་ངལ་གང་མང་འཕྲད་ཡོད། གཞོན་ནུའི་དབུས་རྒྱུན་སྐབས་སྔོན་མ་ལ་མཚོན་ན་སྐབས་རེ་ཚོགས་གཙོས་དགོངས་པ་ཞུས་པ་དང། སྐབས་རེ་ཚོགས་གཞོན་དང་རྒྱུན་ལས་ཁག་ཅིག་གིས་དགོངས་པ་ཞུས་པ་སོགས་སྤྱི་ཚོགས་ནང་མཐོང་ཐོས་མི་འདོད་པའི་གནས་ཚུལ་མང་པོ་བྱུང་ཡོད། ད་ལྟའི་རྩོད་རྙོག་དེའི་འབྱུང་རྐྱེན་ཡང་སྐབས་སྔོན་མ་ནས་རིམ་བཞིན་རྡོ་ལག་བརྒྱུད་ལྟ་བུ་བྱས་ནས་བྱུང་བའི་ན་ཚ་ཞིག་ཡིན་པ་ལས་སྐབས་འདི་ཁོ་ནར་བྱུང་བའི་རྩོད་རྙོག་ཅིག་གཏན་ནས་མ་རེད། ད་རེས་ཚོགས་གཞོན་དང་འབྲེལ་བའི་གནད་དོན་དེ་ཐག་གཅོད་ཟིན་ཀྱང། གལ་ཆེ་ཤོས་དེ་དབུས་རྒྱུན་གསར་འདེམས་བྱ་རྒྱུ་དེ་རེད། ད་ལྟའི་རྩོད་རྙོག་དེའི་སྐོར་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་ནའང་ལས་བསྡོམས་ཀྱི་ནང་དུ་རྩོད་རྙོག་སྐོར་ཅུང་གསལ་ཙམ་འཁོད་འདུག་པས་ཐག་གཅོད་ཡག་པོ་བྱུང་བ་དེ་ཕྱི་གསལ་ནང་གསལ་མ་བྱས་པས་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་དཀའ།
བོད་ཀྱི་རྩ་དོན་གྱི་ཐོག་ནས་སྒྲིག་འཛུགས་གལ་ཆེ་ཤོས་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་པ་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གནས་སྟངས་དང་ནུས་པ་ནི་བོད་མི་རིགས་ཀྱི་སྟོབས་ཤུགས་ཀྱི་ཚད་གཞི་ལྟ་བུར་གྱུར་ཡོད། རྒྱུ་མཚན་ནི་ད་ལྟའི་ཆར་༧གོང་ས་མཆོག་ཞལ་བཞུགས་ཡོད་པས་ཕྱོགས་གང་ཐད་ནས་དཀའ་ངལ་མེད་ཀྱང། མ་འོངས་པར་མི་རབས་གསར་པའི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ངེས་གཏན་མེད་པ་དང། བོད་མི་རིགས་ཀྱི་ཆག་འཇིག་ལ་བསམ་བློ་མི་འཁོར་བ། རང་ཉིད་བློས་བཏང་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབ་མི་ཐུབ་པའི་མི་རབས་གསར་པ་ཞིག་སླེབས་ན། བོད་མི་རིགས་དེ་སའི་གོ་ལ་ཧྲིལ་པོ་འདིའི་སྟེང་ནས་དུས་གཏན་དུ་ཡལ་སོང་བ་རེད་ཅེས་བརྗོད་ཆོག དེར་བརྟེན་ད་རེས་ཀྱི་ཚོགས་ཆེན་འདིའི་ཐོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསར་འདེམས་བྱེད་པའི་སྐབས། ནང་ཁུལ་གྱི་རྩོད་རྙོག་ཕྲན་ཚག་དེ་དག་ལ་མགོ་མི་འཁོར་བར་ཤེས་འཇོན་གཉིས་ལྡན་དང་ལངས་ཕྱོགས་བརྟན་པོ། བོད་མི་རིགས་ཀྱི་ཆག་འཇིག་ལ་སེམས་ཚོར་ཡོད་པའི་ཐོག་ནས་བོད་དོན་ལས་འགུལ་སྤེལ་ཐུབ་པའི་མི་རབས་གསར་པ་ཁག་ཅིག་འདེམས་དགོས་པ་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།།