སྡེ་དྲུག་གི་ཡང་སྲིད་ཟེར་བར་དགག་པ།

ཡང་སྲིད་ངོས་འཛིན་ཞུ་བའི་ལུགས་སྲོལ་དེ་ཕྱི་ལོ་༡༢༨༣ ལོར་མཚུར་ཕུའི་གདན་རབས་འཛིན་པ་ཀརྨ་པཀྵིར་གྲགས་པ་དེ་ཉིད་སྐུ་གཤེགས་ཁར་གྲུབ་ཐོབ་ཨྱོན་པ་ལ་གདན་ས་གཏད་གྲུབ་ཐོབ་ཀྱིས་རྗེ་རང་ཉིད་ཀྱི་འདའ་ཁའི་ཞལ་ཆེམས་དང་། བྱིས་པའི་མཚན་ཉིད་རྨི་ལམ་བརྟག་པ་སོགས་གནང་སྟེ་ཕྱི་ལོ་༡༢༨༤ ལོར་སྐུ་འཁྲུངས་པའི་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་དགུང་ལོ་ལྔ་ལ་ཕེབས་སྐབས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བའི་དུས་དེ་ནས་འདི་ལོ་བར་མི་ལོ་༧༢༧  སོང་ཡོད། འདི་ནི་བོད་དུ་བླ་མའི་ཡང་སྲིད་ངོས་འཛིན་ཞུ་བའི་ལུགས་སྲོལ་ཐོག་མ་དེ་ཡིན།

སྤྱིར་ཡང་སྲིད་ངོས་འཛིན་ཞུ་མཁན་བླ་མ་དེ་ཉིད་ཀྱི་ཉམས་སྣང་དང་། རྨི་ལམ་བརྟག་པ། གནས་དང་དུས་སྨིན་ཡོད་མེད་རྟེན་གཙོའི་མདུན་དུ་ཟན་བརྟག་བསྒྲིལ་བ་དང། ཆོས་སྐྱོང་ལ་ལུང་འདྲི་བརྟག་པ།  མཚོ་གཟིགས་ཀྱི་བརྟག་པ་། སྐུ་གོང་མའི་ཉེར་ཆས་ངོ་འདྲ་ནས་ངོ་མ་རྣམས་འཁྲུལ་མེད་ངོས་འཛིན་གནང་བ་སོགས་དེ་དག་རྩེ་མཐུན་བྱུང་ན་དེ་ལ་ངོས་འཛིན་གཏན་འབེབས་གནང་ལམ་ཡོད། དེ་ཡང་སྐུ་གོང་མའི་བླ་བྲང་ངམ།  ཡུལ་དགོན་སློབ་མ་བཅས་ཀྱིས་རང་གིས་ཡིད་ཆེས་ཞུ་ཡུལ་སྐྱེས་ཆེན་ཞིག་ལ་གོང་མའི་ཡང་སྲིད་རྩད་འཚོལ་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་སྲོལ་ཡོད་པ་ལས།  ལས་བྱེད་བསྐོ་གཞག་བྱས་པ་ལྟར་སྲིད་གཞུང་གིས་གོ་སྒྲིག་ཐག་གཅོད་བྱེད་ལམ་མེད། གསེར་བུམ་དཀྲུག་པ་ཟེར་བ་ནི། ཐག་གཅོད་མ་ཐུབ་པའི་གནད་དོན་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཐག་གཅོད་བྱེད་པའི་ཆོས་དད་ཅན་གྱི་རྒྱ་ནག་མན་ཇུ་གོང་མའི་ལུགས་སྲོལ་ཞིག་རེད། བོད་ལུགས་མིན། དེ་ལྟར་མན་ཇུ་གོང་མའི་ལུགས་སྲོལ་རྒྱ་དམར་གཞུང་གིས་རྒྱུན་འཛིན་བྱེད་པ་ནི་ལྟ་བ་དང་ལམ་ལུགས་གང་ཐད་ནས་གསར་བརྗེར་རྒྱབ་གཏོད་བྱས་པ་ཞིག་རེད་ལ།  དེ་བཞིན་ཆོས་

ཁས་མི་ལེན་པར་ཆོས་ལུགས་ཀྱི་ལས་དོན་ལ་བཙན་ཤེད་ཀྱིས་ཐེ་བྱུས་བྱས་པ་དེ་ཡང་བཙན་བདག་རྒྱལ་ཁབ་ཀྱི་གདོང་རིས་དམར་རྗེན་དུ་བསྟན་པ་ཞིག་རེད།
ཕྱི་ལོ་༢༠༠༧ ཟླ་༧ ཚེས་༡༨ ཉིན་ཆོས་མེད་རིང་ལུགས་འཛིན་པ་རྒྱ་ནག་དམར་པོའི་གཞུང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེའི་ནང། ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྡེ་ཚན་དང། རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་འབྲེལ་ཡོད་སོ་སོས་བླ་སྤྲུལ་ངོས་འཛིན་ཆོག་པའི་བཀའ་འཁྲོལ་དང་བཅས་ཆོག་མཆན་མེད་པར་ངོས་འཛིན་བྱེད་མི་ཆོག་པ་དང། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་རྒྱལ་ཁབ་ཕྱི་ལོགས་ཀྱི་སྒྲིག་འཛུགས་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་ཁ་ལོ་བསྒྱུར་མི་ཆོག་ཅེས་འཁོད་འདུག

རྒྱ་ནག་དམར་པོའི་གཞུང་ནི་མར་ཁེ་སི་དང། ལེ་ཉིན་རིང་ལུགས་ཀྱི་རྗེས་སུ་རྒྱུགས་མཁན་ཡིན་ཞིང། དེ་གཉིས་ཀས་ཆོས་ལུགས་ནི་དུག་དང་མི་མང་ལ་མགོ་བསྐོར་གཏོང་བའི་སྦིར་སྨན་ལྟ་བུ་ཡིན་ལུགས་བཤད་ཡོད་པ་ལྟར་ཕྱི་ལོ། ༡༩༤༩  ལོར་རྒྱ་ནག་ཡོངས་རྫོགས་དམར་པོར་དབང་བསྒྱུར་རྗེས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་ཡོད་པའི་དགོན་པ་ལྷ་ཁང་དྲུག་སྟོང་སྐོར་གཏོར་བཤིག་གཏང་བ་དང། རིག་གནས་གསར་བརྗེའི་སྐབས་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རྣམས་ལ་“ལྷ་འདྲེ་གདོན་བགེགས་”ཀྱི་མིང་བཏགས་ནས་ཉེས་ཞྭ་ནག་པོ་གཡོགས་ཏེ་བྱས་ཉེས་དེ་ཚོ་མི་ངན་བཞིའི་མགོ་ལ་གཡོགས་ཐབས་བྱས་ཡོད་འོ་ན་ཉེ་བའི་ལོ་ཤས་ནང་ཁ་ཆེའི་དྲག་སྤྱོད་པ་ཏ་ལི་བྷིན་གྱི་བྱེད་སྟངས་ལྟར་བོད་ཀྱི་ལྷོ་ཁ་བསམ་ཡས་དང་སྟོད་གངས་རིན་པོ་ཆེའི་ཉེ་འཁོར་དུ་གསར་བཞེངས་ཞུས་པའི་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་དང། གསེར་རྟ་བླ་རུང་ཆོས་སྒར་ལ་སོགས་པ་གཏོར་བཤིག་བཏང་བ་དེ་ཚོ་རྒྱ་གཞུང་གི་སྲིད་བྱུས་ཡིན་ནམ།  ཡང་ཕྱོགས་གཞན་ནས་བཤད་ན་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་དེ་སྔ་ཉེས་ཞྭ་གཡོགས་པའི་བླ་སྤྲུལ་ཁག་ཅིག་ཆབ་སྲིད་གྲོས་ཚོགས་ཟེར་བའི་ནང་བཅུག་ཡོད་དེ་ནི་ཆོས་ལུགས་ཀྱི་མི་སྣར་བརྩི་བཀུར་ལྟ་སྐྱོང་བྱས་པ་ཞིག་མ་ཡིན་པར། རྒྱལ་སྤྱིའི་ཐོག་བོད་ནང་ཆོས་དད་རང་དབང་ཡོད་པའི་རྣམ་པ་ཐོན་ཐབས་དང།   བོད་པས་བོད་པ་འདུལ་ཐབས་སུ་བེད་སྤྱོད་བྱེད་པའི་གཡོ་སྒྱུའི་སྲིད་བྱུས་ཞིག་རེད།

གལ་ཏེ་མིང་དོན་མཚུངས་པའི་ཆོས་དད་རང་དབང་ཡོད་ན་དགོན་པ་ལྷ་ཁང་སོགས་ཆོས་ལུགས་ཀྱི་གནས་གཞི་ཁག་ཏུ་“རྒྱལ་གཅེས་ཆོས་གཅེས་”ཀྱི་སློབ་གསོའི་ནང་ཞི་དྲག་གི་མི་སྣ་ཡོད་པའི་ལས་དོན་རུ་ཁག་ཟེར་བ་ལོ་ཟླ་སྦྲེལ་ཏེ་འཇོག་དགོས་དོན་མེད། འཛམ་གླིང་འདིའི་ཐོག་ཆོས་ལུགས་ཀྱི་དགོན་སྡེ་ལྷ་ཁག་ལ་གོ་མཚོན་ལྡན་པའི་དམག་མི་བཏང་སྟེ་དགོན་པའི་ལས་དོན་ལ་ཐེ་བྱུས་བྱེད་མཁན་རྒྱ་དམར་གཞུང་མ་གཏོགས་སུ་གཅིག་མེད། ཆོས་དུག་ལ་བརྩི་མཁན་གྱི་དབང་བསྒྱུར་འོག་“ཆོས་གཅེས”བྱས་ན་“རྒྱལ་གཅེས་”ཡོང་ཐབས་མེད་པ་དང། རྒྱལ་གཅེས་བྱས་ན་ཆོས་གཅེས་ཡོང་ཐབས་མེད་པ་འདི་འདྲའི་མི་མཐུན་རྟ་གཡག་མགོ་སྦྲེལ་གྱི་ལས་འགུལ་རྒྱུན་མཐུད་སྤེལ་བ་དེ་ནི་བོད་ལ་བརྟན་ལྷིང་མི་ཡོང་བའི་རྐྱེན་རྩ་ཐུག་ས་ཡིན་པ་ཤེས་པར་གྱིས།  མདོར་ན་ཆོས་ཁས་མི་ལེན་མཁན་གྱི་སྲིད་གཞུང་ཞིག་གིས། ཆོས་ཁས་ལེན་མཁན་གྱི་རྒྱ་ཆེའི་མང་ཚོགས་ལ་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་འདི་ཆོག་དང་འདི་མི་ཆོག་ཅེས་བཀའ་བཀོད་སྟངས་འཛིན་ཐེ་བྱུས་བྱེད་པ་ནི་ལོང་བས་མིག་ལྡན་ལ་བཀོད་བྱུས་བྱས་པ་ལྟར་། ལས་ཀ་རྒྱུས་མེད་ཅིག་གིས་རྒྱུས་ཡོད་ཅིག་ལ་བྱེད་སྟངས་བསླབ་པ་བཞིན་མི་རྣམས་གད་མོ་ཤོར་བའི་གནས་ཡིན་ཡང་སྡེ་དྲུག་གི་ཡང་སྲིད་སྐོར་གྱི་བསྒྲགས་གཏམ་དེ་གའི་ནང་“བོད་ལྕགས་སྟག་ལོའི་བོད་ཟླ་༥ ཚེས་༢༣ ཉིན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་རྟེན་འབྲེལ་ཀུན་འགྲིག་གི་ཉིན་”གསེར་བུམ་དཀྲུག་འདོན་བྱས་གནས་བརྗོད་འདུག་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་བཟང་པོ་དང།  ལོ་རྒྱུས་ལྟ་གྲུབ་སོགས་ལ་མཐོང་ཆུང་རྩིས་མེད་རྡོག་རོལ་དུ་བཏང་སྟེ་ཆབ་སྲིད་ཀྱི་ལག་རྩེད་ཆེད་དུ་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་“པཎ་ཆེན་”ལ་མཚོན་ན་བོད་མི་སྨོས་ཅི་ནང་ཆོས་དད་ཅན་རྒྱ་མི་རིགས་སོགས་དང།  ལྷག་པར་རྒྱ་གཞུང་གི་ཕོགས་ཟན་ལས་བྱེད་ཁྲོད་ནས་ཀྱང་རྒྱ་གཞུང་གི་པཎ་ཆེན་ཞེས་བརྗོད་དེ་དགའ་མོས་གུས་བརྩི་བྱེད་མཁན་མེད་པས། སྡེ་དྲུག་གི་ཡང་སྲིད་ཀྱང་དེ་བཞིན་བོད་མི་དམངས་དང་ནང་ཆོས་དད་ཅན་པ་ཚོས་ཁས་ལེན་ནམ་ཡང་བྱེད་ཀྱི་མ་རེད། རྒྱ་དམར་གཞུང་གིས་ཆོས་དད་རང་མོས་ཡོད་ཟེར་ཡང།  དོན་དུ་ཀུན་གཟིགས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་ཕྱི་ལོ་༡༩༩༥ ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ངོས་འཛིན་གནང་བ་དེ་ཁས་ལེན་མི་བྱེད་པར་མ་ཟད། དེ་སྲིད་གཞུང་གི་ཉེན་ཁ་ཞིག་ལ་མཐོང་སྟེ་ཡབ་ཡུམ་སྐུ་མཆེད་དང་བཅས་ལྷན་དུ་བཞུགས་མ་བཅུག་པར་དམག་མིའི་སློབ་གྲྭ་ཞིག་ལ་སྲུང་བྱ་དམ་པོའི་འོག་བཀག་ཉར་གྱིས་རྒྱའི་སྐད་ཡིག་སློབ་ཁྲིད་ལས་གཞན་ཆོས་ཕྱོགས་ཀྱི་སྐུ་ཡོན་ཕར་བཞག་བོད་ཀྱི་སྐད་ཡིག་ཚུན་རིམ་པས་བརྗེད་དུ་འཇུག་པའི་ངན་སེམས་བཅངས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་གསེར་བུམ་མ་དཀྲུག་པར་ངོས་འཛིན་གནང་བ་རྒྱ་ཕྱོགས་ནས་ཁྲིམས་འགལ་གང་མིན་ཡིན་ཚུལ་སྐྱོན་བརྗོད་བྱས་དང་བྱེད་གཞིན་ཡོད། ༧གོང་ས་ྋསྐྱབས་མགོན་ཆེན་པོས་སྔར་ནས་དར་བའི་ཆོས་ཕྱོགས་ཀྱི་གནང་སྒོའི་སྲོལ་ལམ་དང་མཐུན་པའི་སྒོ་ནས་ངོས་འཛིན་གནང་ཞིག་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་གསེར་བུམ་“མ་དཀྲུག་པར”ངོས་འཛིན་བྱེད་དགོས་ཟེར་མཁན་ད་ལྟའི་རྒྱ་དམར་སྲིད་གཞུང་ཡིན་པས།  དེ་ལྟར་བྱས་པ་ཁྲིམས་འགལ་ཡིན་ན། དེ་ཐོག་མར་གསར་གཏོད་བྱེད་མཁན་ཁྱེད་ཚོ་ཡིན་པ་ཤེས་པ་བྱས་ནས་རང་འགན་རང་གིས་ཁུར་ཏེ་སྐད་ཆ་ཤོད་དང། བྱེད་སྟངས་འདི་ཚོ་རང་སྣང་གང་དྲན་དང་ངན་པ་ལངས་ཤོར་སོང་བའི་བྱ་སྤྱོད་ཅིག་མིན་ན་ཅི་ཡིན།།