གཞོན་ལྷན་གྱི་སྐབས་བཅུ་བཞི་པའི་དབུས་རྒྱུན་གསར་འདེམས།

tyc-genal-body-meeting-lasdayཟླ་འདིའི་ཚེས་༨ ཉིན་གཞོན་ལྷན་གྱི་སྐབས་བཅུ་བཞི་པའི་དབུས་རྒྱུན་གསར་པ་འོས་འདེམས་བྱས་པ་དང། དེའི་ནང་དབུས་རྒྱུན་རྙིང་པ་དྲུག་དང། གསར་པ་བཞི་སླེབས་ཡོད་པ་རེད། ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཚོགས་གཙོའི་དམ་འབུལ་ཞུས་རྗེས་གསུང་དོན། “སྐབས་བཅུ་བཞི་པའི་ཚོགས་གཙོར་འོས་འདེམས་བྱུང་བ་དེ། ཚོགས་བཅར་བ་ཚོས་རེ་བ་ཞུས་པ་རེད། ཚོགས་བཅར་བ་ཚང་མར་ངས་ལག་པ་ཐལ་མོ་སྦྱར་ནས་ཞུ་རྒྱུ་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདིར་ང་ཚོ་ཚང་མར་འགན་ཡོད་པ་རེད། དབུས་རྒྱུན་ཚོགས་གཙོ་དང། དབུས་རྒྱུན་བཅུས་བག་ཆགས་འཇོག་ཐུབ་པ་གང་ཡང་ཡོད་པ་མ་རེད། ང་ཚོའི་འཐབ་རྩོད་འདི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ཡིན་པས།  མི་རེ་ངོ་རེས་འགན་འཁུར་དགོས་པ་རེད། སྒྲིག་འཛུགས་འདིའི་དབུས་དང་ས་གནས་ཚང་མས་ལྷག་བསམ་རྣམ་དག་གིས་བོད་དོན་ལས་འགུལ་སྤེལ་དགོས་པ་རེད། རང་བཙན་གྱི་ཆོད་སེམས་མ་བརླགས་པར་ས་གནས་གང་དུ་ཡོད་ན་ལས་དོན་བྱེད་རོགས་ཞེས་”གསུངས་ཡོད་པ་རེད།

ཐེངས་འདིར་ཚེ་དབང་རིག་འཛིན་ལགས་ཀྱིས་འོས་གཞི་ནས་དགོངས་ཤོག་བཏང་བ་མ་ཟད། འོས་གཞིའི་ནང་ཡོད་པའི་དབུས་རྒྱུན་དགུའི་ནང་ནས་བརྒྱད་ཀྱིས་དགོངས་ཤོག་བཏང་ཡོད་ཀྱང། འོས་ཤོག་བླུགས་མཁན་ཚོགས་མི་ཚོས་བསྐྱར་དུ་དབུས་རྒྱུན་རྙིང་པ་དྲུག་ལ་འོས་ཤོག་བླུགས་པར་བརྟེན། ཚེ་དབང་རིག་འཛིན་ལགས་དང་དོན་གྲུབ་ལྷ་དར་ལགས་གཉིས་ཀྱིས་མུ་མཐུད་དབུས་རྒྱུན་བྱེད་ཐབས་མེད་སྐོར་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་ན། ཚོགས་མི་ཚོས་རེ་བ་ལྟར་མཐར་དབུས་རྒྱུན་གྱི་འགན་ཁུར་དགོས་བྱུང་ཡོད་པ་རེད། ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སྐབས་བཅུ་གསུམ་པའི་ཚོགས་གཙོར་འདེམས་སྐབས་ཀྱང། ཁོང་དགོངས་པ་ཞུས་ཡོད་ནའང། ཚོགས་ཞུགས་པའི་རེ་བ་ལྟར་འགན་ཁུར་དགོས་བྱུང་བ་ཞིག་རེད།

དབུས་རྒྱུན་ནས་དགོངས་ཤོག་གཏོང་མཁན་ཚེ་དབང་རིག་འཛིན་ལགས་དང། དེ་མིན་གྱི་དབུས་རྒྱུན་ཁག་ཅིག་གིས་ཀྱང། བསྐྱར་དུ་དབུས་རྒྱུན་ནང་སྡོད་མི་ཐུབ་པའི་རྒྱུ་མཚན་ནང་ཁུལ་གྱི་རྙོག་གྲ་ལ་བརྟེན་ནས་ཡིན་སྐོར་འཁོད་ཡོད་པ་རེད། ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱི་དགོངས་ཤོག་ནང་སྒྲིག་འཛུགས་འདིའི་ནང་ལས་ཀ་བྱེད་རྒྱུར་གཞི་མེད་བསྙོན་འཛུགས་གང་མང་ཡོད་པས། ལས་དོན་བྱེད་ཐབས་མེད་སྐོར་དང། ཁོང་སྒེར་གྱི་ངོས་ནས་ས་གནས་གང་དུ་སོང་ན་ཡང་བོད་རང་བཙན་ཆེད་དུ་ལས་དོན་གང་ཐུབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་འཁོད་འདུག

ཚོགས་གཙོའི་འགན་མུ་མཐུད་ཁུར་དགོས་བྱུང་རྗེས། ཁོང་གིས་དེའི་སྐོར་གསུང་དོན། “ཐེངས་འདིའི་འོས་འདེམས་སྐབས་དབུས་རྒྱུན་གྱི་ནང་དུ་ཞུགས་རྒྱུ་མིན་པ་ཐག་གཅོད་གསལ་པོ་བྱས་ཡོད། ས་གནས་གང་དུ་སོང་ཡང། བོད་རང་བཙན་སླར་གསོའི་ཆེད་དུ་ལས་ཀ་བྱེད་རྒྱུར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད། དེ་ལ་བརྟེན་ནས། སྒྲིག་འཛུགས་འདིའི་ནང་དུ་སླེབས་པ་རེད། འདས་པའི་ལོ་གསུམ་ནང་དཀའ་ངལ་ཞེ་དྲག་འཕྲད་པ་རེད། ཡིན་ནའང་བྱེད་རྒྱུ་གང་ཡང་མི་འདུག སེམས་གཏིང་ནས་སུ་ལའང། ཁོང་ཁྲོ་དང། ང་རྒྱལ་བྱེད་དགོས་དོན་གང་ཡང་མེད་མོད་བློ་ཕམ་ཞེ་དྲག་ཡོད། ཐེངས་འདིར་ཡང་ཚོགས་ཞུགས་པས་རེ་བ་བྱས་པ་རེད། བོད་ནང་ནས་རང་བཙན་ཆེད་ཁྲག་དང་སྲོག་གི་འགྲོ་སོང་གཏོང་གི་ཡོད་པ་དང། སྒྲིག་འཛུགས་འདི་བོད་མི་མང་གིས་རེ་བ་བྱེད་ས་ཞིག་ཡིན་པས། མུ་མཐུད་ལས་ཀ་བྱེད་རྒྱུར་དོན་གྲུབ་ལྷ་དར་ལགས་དང་མཉམ་དུ་སྐད་ཆ་བྱུང་སོང་”ཞེས་གསུངས་ཡོད་པ་རེད།

བོད་ཀྱི་གཞོན་ལྷན་གྱི་ནང་དུ་བར་ལམ་ཞིག་ནས་ཕྱོགས་ཁག་གཉིས་ལྟ་བུ་ཡོད་པ་དང། དབུས་རྒྱུན་ཚོས་ལས་དོན་བྱེད་སྐབས་ཕྱོགས་གཞན་ནས་དགག་པ་རྒྱག་པ་དང། ཡང་ན་རྒྱབ་སྐྱོར་མ་བྱས་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ཚོད་འདུག ཡིན་ནའང་འོས་འདེམས་རྗེས་དབུས་རྒྱུན་རྣམས་ཀྱིས་མུ་མཐུད་ལས་དོན་འགན་ཁུར་ཧུར་ཐག་བྱེད་རྒྱུའི་དམ་བཅའ་ཕུལ་ཡོད་པ་དང། དབུས་རྒྱུན་ཡང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གང་འཚམས་སླེབས་ཡོད་པ་རེད།

ཐེངས་འདིའི་རྒྱུན་ལས་རྣམས་ནི། ཚོགས་གཙོ་ཚེ་དབང་རིག་འཛིན། ཚོགས་གཞོན་དོན་གྲུབ་ལྷ་དར། དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་བཅས་དང། སྤེན་པ་ཚེ་རིང། དཀོན་མཆོག་ཡར་འཕེལ། བསྟན་འཛིན་སྒྲོལ་མ། བསྟན་འཛིན་དབྱངས་སྐྱིད། བསྟན་འཛིན་ནོར་བཟང། འཇིགས་མེད། ཡེ་ཤེས་མཐར་ཕྱིན་བཅས་ཡིན་པ་རེད།།

{jcomments on}