ཨ་མདོ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ།

floodindrukchu1འབྲུག་ཆུ་རྫོང་ནི་གྲོག་རོང་ཞིག་ཏུ་ཆགས་ཡོད་པ་དང་། སྤྱིའི་མི་གྲངས་ཁྲི་བཞི་ལྷག་ཡོད་ལ། མཐའ་འཁོར་གྱི་མི་བསྣན་ཚེ་ཕལ་ཆེར་མི་ཁྲི་ལྔ་ལྷག་ཡོད། ཚེས་༧ གྱི་དགོང་མོའི་ཆུ་ཚོད་༡༠ ཡས་མས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ལ་དྲག་ཆར་བབས་པ་དང་། མཚན་གུང་གི་ཆུ་ཚོད་དང་པོ་ཡས་མས་སུ་ཆུ་འཁྱིལ་ཏེ་རྫོང་ཕྱེད་ཀ་ཆུས་བསྣུབས་པ་དང་། དེའི་ནང་གི་གྲོང་སྡེ་གཅིག་ཧྲིལ་པོ་ཆུས་བསྣུབས་ཡོད་འདུག དེར་བརྟེན་ས་ཆ་དེར་གློག་ཆད་པ་དང་ཁང་པ་བརྡིབས་པ། སྲང་ལམ་ཁ་ཤས་སུ་མཐུག་ཚད་ལ་རྨིད་གཅིག་ལྷག་གི་འདམ་བག་གིས་ཁེངས་ཡོད་པ་རེད།

floodindrukchu2ཆུ་ལོག་གི་འབྱུང་རྐྱེན་སྐོར་རྒྱ་གཞུང་གིས་རྒྱུ་རྐྱེན་གསུམ་བགྲང་འདུག་པ་ནི། དང་པོ། འབྲུག་ཆུའི་ས་བབ་ཆགས་སྟངས་དང་ཁྱད་པར་ཅན་གྱི་ས་གཤིས་གྲུབ་ཚུལ་དེ་གནོད་འཚེའི་འབྱུང་རྐྱེན་གཙོ་བོ་རེད་སྙམ། ཆེད་ལས་མཁས་པས་དབྱེ་ཞིབ་བྱས་པ་ལས། འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ཀྱི་བྲག་ངོས་བརྟན་པོ་མིན་པས་ཅུང་འཇིགས་སླ་བ་དང་། རླུང་ཟད་བྱུང་ཚད་ཀྱང་ཅུང་ཚབས་ཆེ་བའི་དབང་གིས། རི་ཉིལ་བ་དང་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་ཅུང་འབྱུང་སླ་བ་རེད་སྙམ།

གཉིས་པ། ཝིན་ཁྲོན་ས་འགུལ་གྱི་གནོད་པ་ནི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་ཡིན། འབྲུག་ཆུ་རྫོང་ནི་ཝིན་ཁྲོན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་ངོས་སྒུལ་ཟིན་པས་བྲག་རི་འཇིགས་སླ་བ་རེད། ས་འགུལ་གྱིས་གནོད་པ་བཟོས་པའི་རི་ངོས་དེ་སླར་གསོ་བྱེད་ན་ལོ་གསུམ་ནས་ལྔའི་བར་དགོས་ཀྱང་ཝིན་ཁྲོན་ས་འགུལ་བྱུང་ནས་ལོ་གཉིས་ལྷག་ལས་འགོར་མེད།

གསུམ་པ། འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་པ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད་བསྒྲགས་འདུག །

{jcomments on}