གཞོན་ལྷན་གྱི་ཚོགས་ཆེན་ཐོག་གི་གྲོས་ཆོད་སྙིང་བསྡུས།

བོད་རང་བཙན་ཐོབ་ཐབས་ཀྱི་ལས་འགུལ་རྒྱུད་མཐུད་སྤེལ་རྒྱུ་དང། བོད་ནང་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ་བ་དེར་ངོ་རྒོལ་ཆེད་བླ་སྤྲུལ་གྲྭ་བཙུན་གྱི་ལས་འགུལ་ཞིག་སྤེལ་རྒྱུ། པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་རྒྱལ་སྤྱིའི་ཐོག་ཁྲིམས་གཏུག་གིས་རྩད་གཅོད་དགོས་སྐོར། ཆབ་སྲིད་བཙོན་པ་གློད་གྲོལ་ཆེད་ལས་འགུལ་སྤེལ་ཕྱོགས། བོད་ནང་ཤེས་ཡོན་ཅན་དང། ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་སུན་བཙེར་སྣ་ཚོགས་བཟོས་ཏེ། བཙོན་འཇུག་བྱེད་བཞིན་པ་དེ་དག་བཙོན་གྲོལ་ཐོབ་ཆེད་ཀྱི་ལས་འགུལ། རྒྱ་ནག་གཞུང་གི་བོད་ནང་མི་སེལ་སྤེལ་བའི་སྲིད་ཇུས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས།

བཙན་བྱོལ་བོད་མིའི་ནང་མི་རྒྱུད་གཙང་མ་སྤེལ་ཐབས་དང་མི་འབོར་ཡར་རྒྱས་ཆེད་བུ་ཕྲུག་མང་པོ་ཡོད་མཁན་ཚོར་གཟེངས་རྟགས་སྤྲོད་རྒྱུ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཁོར་ཡུག་སྐོར་གྱི་ཚོགས་ཆེན་ཞིག་བསྐོང་རྒྱུ་དང། དེའི་སྙིང་དོན་རྣམས་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྒྱུ། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཤིག་བཏང་བ་ལ་ངོ་རྒོལ་ཆེད་ས་གནས་ཚང་མས་ཉིན་བརྒྱ་དུས་གཅིག་ལ་ལས་འགུལ་སྤེལ་རྒྱུ། འོས་བསྡུའི་གོ་རྟོགས་སྤེལ་ཆེད་ལས་འགུལ་སྤེལ་རྒྱུ། བོད་ཀྱི་ཆོས་དང་སྐད་ཡིག་རྒྱུད་འཛིན་ཆེད་གཞོན་སྐྱེས་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དང་བོད་ཡིག་ཐོག་རྩོམ་ཡིག་འགྲན་སྡུར་བྱེད་རྒྱུ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་ཡོང་ཐབས་སུ། བོད་གཞུང་ཤེས་རིག་དང་བོད་ཁྱིམ། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་བཅས་སུ་ཞུ་སྙན་འབུལ་རྒྱུ། གཉན་ནད་རག་དུག་གནད་གཞི་སྔོན་འགོག་དང་ནད་པར་ལྟ་སྐྱོང་བྱེད་ཐབས་སོགས་ཀྱི་གྲོས་ཆོད་གཏན་འབེབས་བྱས་ཡོད་པ་རེད། །

{jcomments on}