རྒྱ་མིའི་ཟ་ཁང་ཞིག་གི་ཟ་མའི་ནང་ནས་མིའི་མཛུབ་མོ་དོན་འདུག
འདི་གར་འབྲེལ་ཡོད་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། རྒྱ་མིའི་ཟ་ཁང་དེའི་ནང་དུ་སྦྲ་ཆེན་རྫོང་ནས་ཡོང་བའི་མི་བཞིས་ཁ་ལག་ཟ་སྐབས་ཁ་ལག་གི་ནང་ནས་མིའི་མཛུབ་མོ་ཞིག་ཐོན་པར། དེ་མ་ཐག་ཁོ་ཚོས་མཛུབ་མོ་དེ་ཁྱེར་ཏེ་སོག་རྫོང་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུགས་བྱེད་པར་ཕྱིན་འདུག་ཀྱང། ས་གནས་སྤྱི་བདེ་ཚན་པས་བརྟག་དཔྱད་ཙམ་ཡང་མ་བྱས་པར་ཁྱེད་ཚོས་རྙོག་གྲ་བཟོ་འདོད་པ་རེད་མ་གཏོགས་མིའི་མཛུབ་མོ་དེ་འདྲ་ཟ་ཁང་ནས་ཡོང་སྲིད་ཀྱི་མ་རེད། མཛུབ་མོ་དེ་ཁྱོད་ཚོས་ཁྱེར་ཡོང་བ་ཞིག་རེད་ཅེས་ཉེས་པ་ཡོངས་རྫོགས་བོད་མི་དེ་ཚོ་ལ་ཕྱིར་འགེལ་རྩིས་བྱས་ཏེ་ཁོང་རྣམས་འཛིན་བཟུང་བྱེད་གྲབས་བྱས་སྐབས། གནས་ཚུལ་དངོས་མཐོང་མཁན་དེར་ཡོད་ཟ་ཁང་ཕྱི་ནང་གི་ས་གནས་མི་མང་རྣམས་ཀྱིས་དཔང་པོ་བྱས་རྐྱེན་ཁོང་རྣམས་འཛིན་བཟུང་བྱེད་སྟབས་བདེ་པོ་མ་བྱུང་བར། ཟ་ཁང་གི་བདག་པོ་རྒྱ་མི་དེ་འཛིན་བཟུང་བྱས་ཡོད་ཀྱང་ཚེས་༥ ཉིན་གློད་གྲོལ་བཏང་འདུག
སྤྱིར་རྒྱ་མིས་བཟུང་བའི་ཟ་ཁང་དེ་ཚོའི་ནང་ནས་དེ་སྔོན་མིའི་སེན་མོ་སོགས་ཐོན་པའི་གནས་ཚུལ་མང་པོ་བྱུང་མྱོང་ཡོད་འདུག་ཀྱང་། དངོས་སུ་དཔང་རྟགས་སྟོན་རྒྱུ་བྱུང་བ་ད་ཐེངས་དང་པོ་རེད་ཟེར། ས་གནས་སྤྱི་བདེ་ཚན་ པས་དགོས་པའི་འབེན་ངོ་སྟོང་པར་བཞག མི་དགོས་ཚེར་གསེང་མདའ་སྒྲས་བཀང་ཞེས་པའི་དཔེ་ལྟར་ས་གནས་མི་མང་གི་ནང་དུ་སྔོག་བཤེར་བྱེད་ཀྱི་ཡིན་ཞེས་འཇིགས་སྐུལ་བྱེད་བཞིན་པ་དང་། ས་གནས་མི་མང་གིས་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག་ཅེས་གཞུང་ལ་སྐྱོན་བརྗོད་དང་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག
དེང་སང་ས་གནས་མི་མང་ལ་རྒྱ་དམག་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། བདེན་པ་ཡོད་ཀྱང་ཤོད་ས་མི་འདུག ས་གནས་མི་མང་དང་དེ་སྔོན་ནས་འགྲེམས་འཇོག་བྱས་པའི་དམག་མིའི་བར་གདོང་ཐུག་འབྱུང་ལ་ཉེ་བའི་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་ཅེས་ས་གནས་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་སོང་།།
{jcomments on}