《ཀུན་དགའ། ཨ་མ་ལགས་འཁྲབ་སྟོན་ལྟེ་གནས》 སྒོ་འབྱེད།
མཛད་སྒོ་དེའི་ཐོག་ཏུ་གྲགས་ཅན་གཞས་མ་འཕྱོངས་ཞོལ་སྒྲོལ་མ་དང། ལྷ་སྐྱིད། གསེར་གྱི་པི་ཝང་ལྷ་མོ་སོགས་ཀྱིས་རྟེན་འབྲེལ་གྱི་གླུ་གཞས་བླངས་ཡོད་པ་རེད། ཀུན་དགའི་ཨ་མ་ལགས་འཁྲབ་སྟོན་ལྟེ་གནས་ནི་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་གཞས་པ་ཀུན་དགའི་《ཨ་མ་ལགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི》 ཞེས་པའི་ཡན་ལག་སྡེ་ཚན་ཞིག་ཡིན་པ་དང། འཁྲབ་སྟོན་ལྟེ་གནས་ཁང་དེ་ནི་གྲོང་ཁྱེར་ལྷ་སའི་གཡུ་ཐོག་ལམ་ཇོ་མོ་གླང་མའི་ཁང་ཆེན་གྱི་ཐོག་བརྩེགས་གསུམ་པའི་སྒང་དུ་ཡོད་ཅིང། ཕོ་བྲང་པོ་ཏཱ་ལ་དང་ཇོ་ཁང་གི་ཐག་ཉེ་བའི་ས་ཆར་ཡོད་པ་རེད།
འཁྲབ་སྟོན་ལྟེ་གནས་ཁང་དེར་མི་གྲངས་༡༠༠༠ ལྷག་འདུ་འཛོམས་བྱེད་ས་ཡོད་པ་མ་ཟད། ཟས་རིགས་ཀྱི་མཐུན་རྐྱེན་ཡང་ཡོད་པ་རེད། གཞན་ཡང་ལྟེ་གནས་ཁང་དེར་འཁྲབ་སྟོན་པ་མི་གྲངས་༡༢༠ ལྷག་ཡོད་པ་དེ་དག་ནི་བོད་ཁུལ་གྱི་ཕུལ་བྱུང་སྒྱུ་རྩལ་བ་ཤ་སྟག་ཡིན་པ་རེད། འཁྲབ་སྟོན་ལྟེ་གནས་ཁང་དེའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་རྒྱུན་རིང་ལྡན་པའི་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དང། མི་རིགས་རང་གི་སྲོལ་རྒྱུན་གྱི་གླུ་གར་འཚོལ་བསྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་ཡིན་པ་རེད།
སྒྱུ་རྩལ་ལྟེ་གནས་ཁང་དེའི་ནང་གི་སྒྲིག་བཀོད་ནི་བོད་ལུགས་ཀྱི་རང་བཞིན་ལྡན་པ་དང། དེ་བཞིན་ཚད་མཐོ་ཤོས་ཀྱི་ཞབས་ཞུའི་སྤུས་ཚད་ཀྱང་ལྡན་ཡོད་པས། ས་དེར་བོད་ཀྱི་སྲོལ་རྒྱུན་སྦྲ་ནག་ནང་གི་འཚོ་བ་ཞིག་རོལ་བ་ལྟ་བུའི་ཚོར་སྣང་སྟེར་ཐུབ་ཀྱི་ཡོད་པའི་གནས་ཚུལ་བོད་ཀྱི་རོལ་དབྱངས་དྲ་བ་ཞེས་པའི་ནང་དུ་ཁྱབ་བསྒྲགས་བྱས་འདུག
ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་《ཨ་མ་ལགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་》 ཞེས་པ་བཙུགས་ནས་ད་ལྟ་ལོ་གཅིག་དང་ཕྱེད་ཀ་ཙམ་ཟིན་གྱི་ཡོད་པ་དང། ལོ་གཅིག་འཁོར་བའི་དུས་དང་བསྟུན་ནས་གྲགས་ཅན་གཞས་པ་དང་རྩོམ་པ་པོ། རོལ་དབྱངས་ཆེད་མཁས་པ་སོགས་ཀྱིས་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་ཚིག་བརྗོད་པ་༢༠༡༠ ལོའི་ཀུན་དགའི་གླུ་གཞས་འོད་སྡེར་གསར་པ་《རྨི་ལམ་ནང་གི་ཕ་ཡུལ་》 ཞེས་པའི་ནང་དུ་གསལ་པོ་ཡོད་པ་རེད།།
{jcomments on}