འོས་བསྡུའི་འུར་ཟིང་དང་ཉེན་ཁ།
དང་ཐོག་བཀའ་ཁྲི་འོས་བླུག་པའི་དུས་ཚོད་སྒོ་ཁར་སླེབས་ལ་ཉེ་ན་ཡང་སྤྱི་ཚོགས་ཐོག་གྲག་འགུལ་ཅི་ཡང་མེད་པར་བརྟེན་གནད་ཡོད་མི་སྣ་ཁ་ཤས་སྡུག་སྐད་ཤོར་དགོས་བྱུང་བ་དང་། བཀའ་ཁྲིའི་འོས་མི་འཚོལ་སླད་དང་མི་མང་གི་དོ་སྣང་ཡོང་བའི་སླད་གསར་ཤོག་དང། བརྙན་འཕྲིན། དྲ་རྒྱ་སོགས་ནས་བརྒྱུད་བསྒྲགས་གང་མང་བྱས་སོང་མོད། མངོན་གསལ་གྱི་ཕན་འབྲས་མིག་སྔར་གཏན་ནས་མངོན་མ་ཐུབ་པར་ལུས། ཉེ་བའི་ཟླ་ཤས་སྔོན་མང་གཙོ་ཚོགས་པས་བཀའ་ཁྲིའི་འོས་མི་རུ་མཁས་དབང་བློ་བཟང་སེང་གེ་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་བཏོན་ནས་བཟུང། མང་ཚོགས་ཀྱི་མིག་ནང་བཀའ་ཁྲི་ཡི་དངོས་གཞི་ཡི་འོས་མི་ཁོང་གཉིས་གཏན་ཁེལ་བ་ལྟ་བུར་བྱས་སོང། དུས་དེ་ནས་བཀའ་ཁྲི་ཡི་འོས་མི་གཅིག་རྗེས་གཉིས་མཐུད་ཀྱིས་འཚང་ཁ་བརྒྱབ་བྱུང། དེ་བཞིན་སྤྱི་འཐུས་སྐོར་ལ་མཚོན་ན་ཡང་ཆོལ་ཁ་དང་ཚོགས་སྡེ་སོགས་མང་པོ་ཞིག་ནས་ཁ་གཏད་དང་འགྲན་སྡུར་ཚུལ་གྱིས་འོས་མི་གསལ་བསྒྲགས་བྱས་སོང་། ད་ཆར་ཚོད་རྩིས་བྱས་ན་ཆོལ་ཁ་རེ་ལ་ཆ་སྙོམས་སྤྱི་འཐུས་འོས་མི་སུམ་ཅུ་རེ་བཏོན་ཟིན།
བཀའ་ཁྲི་ཡི་འོས་བསྡུའི་འུར་ཟིང་དང་གཡོ་འཕྲུལ།
བཙན་བྱོལ་མི་མང་གི་བསམ་པའི་འཁོར་ཕྱོགས་ལ་བལྟས་ན་ད་ཐེངས་བཀའ་ཁྲི་དེ་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གང་རུང་ལ་ཐོབ་པ་གསལ་པོ་རེད། འོན་ཀྱང་བཙན་བྱོལ་ནང་གི་ཆབ་སྲིད་པ་གྲགས་ཅན་མང་པོ་ཞིག་གིས་རང་ལ་བཀའ་ཁྲི་ཡི་འོས་མི་ཐོབ་པའི་ངེས་པ་རྙེད་ཟིན་ན་ཡང་། ད་དུང་མངོན་གསལ་དང་མངོན་གསལ་མིན་པ་ཅི་རིགས་ཐོག་བཀའ་ཁྲི་ཡི་དྭང་བླངས་འོས་མི་རུ་ལངས་ཀྱིན་འདུག་ལ། ཁ་ཤས་ཀྱིས་རྩ་དོན་དང་རང་ཉིད་ཀྱི་མ་འོངས་པའི་ལས་འཆར་སོགས་བསྒྲགས་ཏེ་མི་ཚོགས་ཁྲོད་དངོས་སུ་འཛུལ་ནས་འོས་ཤོག་སློང་བ་དང་ཉོ་བ་སོགས་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག ང་ཚོས་ཧོབ་སྟེ་བལྟས་ན་ཁོ་ཚོའི་བྱེད་སྟངས་དེ་ལྐུགས་པའི་ཨུ་ཚུགས་ལྟ་བུ་ཞིག་མངོན་ན་ཡང་། དོན་དངོས་ཐོག་དེ་ནི་ལྐུགས་པའི་ཨུ་ཚུགས་གཏན་ནས་མིན་པར། ཐབས་མཁས་པའི་ཆབ་སྲིད་ཀྱི་མིག་འཕྲུལ་ཆེན་པོ་ཞིག་རེད་འདུག ཆབ་སྲིད་ཀྱི་མིག་འཕྲུལ་དེས་རང་ཉིད་ལ་བཀའ་ཁྲི་མི་ཐོབ་ཀྱང་བཀའ་བློན་ཞིག་ཐོབ་པའི་གདེང་སྤོབས་ཆེན་པོ་ཡོད། རྒྱུ་མཚན་ནི་ཆབ་སྲིད་ཀྱི་ལྟ་ཚུལ་དང་རིགས་རུས་སོགས་ཀྱིས་དབྱེ་སྒོ་མི་འདྲ་བ་དག་གིས་བཏོན་པའི་འོས་མི་དག་ལས་ང་ཉིད་ཀྱི་མཐུན་ཕྱོགས་ཀྱི་མི་དེ་བཀའ་ཁྲིར་བསྙེགས་ན་རང་ལ་བཀའ་བློན་གྱི་གོ་གནས་སྤྲོད་སྲིད་པའམ། སྤྲོད་པའི་ཁག་ཐེག་བྱས་རྗེས། རང་ཉིད་མཐུན་ཕྱོགས་ཀྱི་འོས་མིའི་ཁ་གཏད་ཀྱི་འོས་མི་དེའི་འོས་ཤོག་གི་ཁ་གྲངས་ཁ་འཐོར་གཏོང་བའི་སླད་དུ་གདོང་ལྤགས་གཞན་པ་གཅིག་གོན་ནས་སྤྱི་ཚོགས་ཁྲོད་བྱ་ཐབས་འདྲ་མིན་གྱི་འོས་ཤོག་གི་སློང་མོ་དེ་བྱས་པ་རེད་ལ། འོས་ཤོག་སློང་མོ་བརྒྱབ་པའི་ཁྲོད་རང་ཉིད་ལྟ་ཚུལ་དང་རིགས་རུས་སོགས་ཡོད་ཚད་རང་ཉིད་ཀྱི་མཐུན་ཕྱོགས་འོས་མི་ཡི་ཁ་གཏད་ཀྱི་འོས་མི་དང་གཅིག་མཚུངས་བྱས་པ་ངེས་གཏན་རེད། འོས་ཤོག་གི་སློང་མོ་ཡི་ཁྲོད་རང་ལ་ཐོབ་པའི་འོས་གྲངས་རེ་རེ་ཡིན་ན་ཡང་རང་ཉིད་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་འོས་མི་གཉིས་ལས་གཅིག་གི་འོས་གྲངས་ཆག་པ་དང་གཞན་གྱི་འོས་གྲངས་ལ་རང་གཞིན་གྱིས་ཕན་པར་འགྱུར་བ་ནི་ལྡོག་ཏུ་མེད་པ་རེད།
སྤྱི་འཐུས་འོས་བསྡུའི་འུར་ཟིང་དང་ཉེན་ཁ།
ཆོལ་ཁ་དང་ཚོགས་པ་འདྲ་མིན་དང་ཤོག་ཁག་ལུང་ཚན་སོགས་ཁུངས་འདྲ་མིན་ནས་རང་གི་ལྟ་བ་ལངས་ཕྱོགས་དང་མཐུན་པ་རྐྱང་རྐྱང་འདེམས་སྒྲུག་གི་འོས་མི་གསལ་སྟོན་བྱས་སོང་ལ། ཁ་ཤས་ཀྱིས་རང་ཉིད་ལ་ལྷག་བསམ་དང་འཇོན་ཐང་ཡོད་མདོག་གིས་རང་ཉིད་ཁྲོམ་བསྒྲགས་བྱས་ནས་སྤྱི་འཐུས་ཀྱི་འགྲན་རྩོད་བྱས་སོང་། ཁ་ཤས་ཀྱིས་གོ་སྐབས་དེ་དམ་འཛིན་གྱི་རང་དང་ཁ་གཏད་ཀྱི་ཚོགས་སྡེ་དང་ཤོག་ཁག་དག་གི་ཆིག་སྒྲིལ་དང་ནུས་ཤུགས་ཡོད་ཚད་དུམ་བུ་གཏོར་སླད་མི་ཚོགས་ཁྲོད་འཛུལ་ནས་དངུལ་དངོས་དང་དབང་ཤུགས་ཀྱིས་འོས་ཉོ་བ་སློང་པ་སོགས་བྱེད་བཞིན་འདུག་ལ། འདི་དག་གིས་ཁ་ནས་རང་ཉིད་ཀྱིས་སྤྱི་འཐུས་འོས་མི་འདོན་པ་དེ་༧གོང་ས་མཆོག་གི་བཀའ་དང་ཤེས་ཡོན་ཅན་གང་མང་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་སླེབས་པའི་སླད་དུ་ཡིན་ལུགས་བཤད་ཀྱང་། ཚོགས་པ་ཁག་དང་མི་སྒེར་སོགས་གང་གིས་འོས་མི་འདོན་ན་ཡང་མང་ཆེ་བ་རང་དང་ལྟ་ཕྱོགས་མཐུན་ཕྱོགས་གཅིག་པ་རྐྱང་འདེམས་ལུགས་དེ་ཁོ་ནས་ཅི་ཞིག་གི་སླད་དུ་འོས་མི་བཏོན་པ་གསལ་བཤད་མི་དགོས་པར་ཤེས་ཐུབ།
ད་དུང་ཡང་ལྷག་བསམ་རྣམ་དག་དང་དོན་དངོས་ཀྱི་ཀུན་སློང་ཐོག་ནས་སྤྱི་འཐུས་འོས་མི་མ་བཏོན་པར་མུ་མཐུད་ནས་གཅིག་གིས་གཅིག་ལ་ཁ་གཏད་དང་འགྲན་བསྡུར་གྱིས་འོས་མི་འདོན་པ་དང་སྤྱི་ཚོགས་ཁྲོད་བརྒྱུད་སྐུལ་གྱིས་ཚོགས་སྡེ་འདྲ་མིན་འཛུགས་པ་སོགས་བྱས་ན། བསམ་ཚུལ་མི་མཐུན་པར་ཇེ་མང་དུ་སོང་སྟེ་མཐར་ཤོག་ཁག་དང་ཤོག་ཁག་གྱེས། དུམ་བུ་དང་དུམ་བུར་གྱེས་ནས་ཆིག་སྒྲིལ་གྱི་ནུས་པ་ཡོངས་སུ་ཉམས་ནས་སྤྱི་ཚོགས་ཁ་འཐོར་དགུ་འཐོར་མི་ཆགས་པའི་ངེས་པ་མི་འདུག་ལ། ད་དུང་འོས་ཤོག་ཁ་འཐོར་དུ་སོང་ནས་འོས་ཐེངས་མང་བླུག་དགོས་པ་ཡང་ཆགས་པའི་ཉེན་ཁ་ཡང་འདུག
དེས་ན་ཁ་ནས་རྩ་དོན་དང་༧གོང་ས་མཆོག་གི་བཀའ་ཞེས་མ་ཎི་བཞིན་སྒྲོག་པའི་ཆབ་སྲིད་པ་དག་གིས་གནད་དོན་ཆུང་ཚགས་ཀྱི་ཆེད་དུ་སྤྱི་ཚོགས་ཁྲོད་ལམ་ངན་པ་མ་བསྟན་པར་རྩ་དོན་ཆེད་དོན་དངོས་ཀྱི་དགོས་མཁོ་ལ་བསམ་གཞིགས་ཀྱི་ལམ་སྣ་འཁྲིད་དགོས། དེ་བཞིན་མང་ཚོས་ཀྱི་ངོས་ནས་ཀྱང་ཆབ་སྲིད་པ་སྐབས་འཚོལ་བ་ཚོའི་ཁ་ལ་ཉན་རྐྱང་དང་ཆུ་སྣ་གར་འཁྲིད་མིན་པར་ཁོ་ཚོའི་རྒྱབ་ལྗོངས་ལ་བལྟས་ནས་འགུལ་བསྐྱོད་རེ་བྱ་དགོས་པའང་སེམས་སོ།།{jcomments on}