མདོ་སྨད་འབྲུག་ཆུའི་ཁུལ་དུ་ཆུ་རུད་བྱུང་བའི་བྱུང་རྐྱེན་གླེང་བ།
དེ་ཉིན་གྱི་མཚན་ནམ་ཕྱེད་ཙམ་དུ་ཆུ་རུད་ཆེན་པོ་ཞིག་ལ་གྱུར་ནས་འབྲུག་ཆུ་རྫོང་གི་ས་ཁང་ཕྱེད་ལྷག་ཙམ་གཏོར་བཤིག་ཚབས་ཆེན་བཟོས་ཏེ་མི་ ༡༣༧ འདས་གྲོངས་དང༌། སྨས་སྐྱོན་དང་གར་སོང་ཆ་མེད་དུ་གྱུར་བ་མི་གྲངས་ ༢༠༠༠ ལྷག་བྱུང་འདུག ད་དུང་ཡང་མི་འཆི་སྐྱོན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་བཤད་འདུག གནས་ཚུལ་བྱུང་མ་ཐག་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས། གཞན་ཡང་མང་ཚོགས་ནས་དེ་མ་ཐག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སོགས་ལ་དམིགས་བསལ་སྨོན་ལམ་འཚོགས་གནང་བ་དང༌། གནོད་ཚེ་ཕོགས་པའི་མི་མང་ལ་སེམས་གསོའི་འཚམས་འདྲི་གནང་ཡོད།
ཆུ་རུད་བྱུང་རྐྱེན་སྐོར་ལ་རྒྱ་ནག་གཞུང་གིས་གསལ་བཤད་གང་ཡང་བྱས་མེད་ཀྱང༌། འཇར་མན་དུ་གནས་འཁོད་འཇར་མན་ལས་གཞིའི་ཆུ་ཤུགས་ལས་དོན་ལ་མཁས་པ་རྒྱ་རིགས་ཝང་དབུས་ལོ་ཞེས་པས་ད་རེས་ཀྱི་ཆུ་རུད་འབྱུང་རྐྱེན་འདིའི་སྐོར་ boxun ཞེས་པའི་རྒྱ་ཡིག་གི་དྲ་རྒྱའི་ནང་ཆེད་རྩོམ་ཞིག་སྤེལ་འདུག་པའི་ནང༌། རྒྱུ་རྐྱེན་ཇི་ཡིན་དོན་ཚན་གཙོ་བོ་གཉིས་བཀོད་འདུག།
དེ་ཡང༌། ༡༽ པེ་ལུང་གཙང་པོ་རྒྱུགས་ཤུལ་ཁུལ་དུ་གསར་སྤེལ་བྱེད་ཤུགས་ཚད་ལས་བརྒལ་བ་དང༌། ༢༽ འབྲུག་ཆུ་རྫོང་གི་གྲོང་ཁྱེར་བཀོད་པ་འཛུགས་སྐྲུན་བྱེད་རིང་གི་ནོར་འཁྲུུལ་གཉིས་རེད།
འབྲུག་ཆུ་རྫོང་དེ་སྔ་རི་མཛེས་ཆུ་དྭངས་ཀྱི་སྙན་པའི་གྲགས་པས་ཁྱབ་ཅིང༌། ཁུལ་དེའི་རི་ཀླུང་མཛེས་སྡུག་ལྡན་པའི་མཚན་སྙན་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་ཤིང་ནགས་ཀྱི་ཁྱབ་ཚད་ཆེ་བས། རི་སྔོ་ཆུ་དྭངས་ཤིང༌། མཁའ་རླུང་གཙང་མ་ཡོད་པ་དེས་སྣོད་བཅུད་ཀྱི་ཁོར་ཡུག་ཆ་སྙོམ་པོ་ལྡན་ཡོད། འོན་ཀྱང༌། ལོ་ནས་ལོ་བསྟུད་དེ་ལོ་ངོ་ ༥༠ ལྷག་ཙམ་རིང་གསར་སྤེལ་རྒྱ་ཆེ་བྱས་ཏེ། ཤིང་གཅོད་ནགས་རི་མེད་པ་བཟོས་པ་དང༌། གང་བྱུང་གཏེར་ཁ་བསྔོག་བཏོན་བྱས་རྐྱེན། པེ་ལུང་གཙང་པོ་རྒྱུགས་ཤུལ་གྱི་ས་ཁུལ་དེ་རྣམས་རྒྱ་ནག་ནང་གཏེར་ཁུལ་གྱི་གནོད་འཚེ་ཕོགས་ཡུལ་ཚབས་ཆེ་ཤོས་སུ་གྱུར་སྟེ། དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཀྱི་ས་ཁུལ་ཞིག་ཏུ་གྱུར་བ་རེད།
༡༽ པེ་ལུང་གཙང་པོ་རྒྱུགས་ཤུལ་ཁུལ་དུ་གསར་སྤེལ་བྱེད་ཤུགས་ཚད་ལས་བརྒལ་བ།
ཀན་སུའུ་ཞིང་ཆེན་ལན་ཀྲའུ་སློབ་ཆེན་གྱི་ཚུད་རུས་ཕིང་ཞེས་པའི་སློབ་ཐོན་ལག་འཁྱེར་གྱི་ཆེད་རྩོམ་༼པེ་ལུང་གཙང་པོའི་རྒྱུགས་ཡུལ་དབུས་ཁུལ་དུ་ཆུ་རུད་སྔོན་འགོག་གི་མ་ལག་དང་དེའི་ནུས་པ་ཞི་འཇུག་༽ ནང་བརྗོད་དོན། ¿ཉེ་བའི་ལོ་རབས་ལྔ་བཅུའི་ནང༌། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་ཤུགས་ཤུགས་ཆེ་རུ་ཕྱིན་པ་དང༌། ཤིང་ནགས་གཅོད་དེ་ཞིང་ས་གསར་སྦོལ་བྱེད་པ་དང༌། རི་ཤིང་འདེབས་པ། ལུགས་དང་མི་མཐུན་པའི་གཏེར་ཁ་བསྔོག་པ། རི་བཤགས་ཏེ་ལམ་བཟོས་པ། ཆུ་ཤུགས་གློག་ཁང་སོགས་འཛུགས་སྐྲུན་སྣ་ཚོགས་བྱས་པ་དེས། རི་ཉིར་བ། ས་འདྲུད་པ། ཆུ་རུད་ཉིན་རེ་བཞིན་མང་དུ་འགྲོ་བ། ཆུ་རུད་དང་ས་འདྲུད་ཤོར་པའི་གནོད་འཚེ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུན་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་¿ཅེས་གསལ་པོ་བཀོད་འདུག།
ངེས་པར་དུ་གསལ་སྟོན་བྱེད་དགོས་པ་ཞིག་ལ། པེ་ལུང་གཙང་པོ་སྐད་རིམ་བཞིན་གསར་སྤེལ་བྱས་པ་དང་པེ་ལུང་གཙང་པོ་ཆུ་ཡུར་དུ་གྱུར་བ་དེ། ད་རེས་ཀྱི་ཆུ་རུད་ཀྱི་འཇིགས་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད། འབྲུག་ཆུ་རྫོང་ལ་མི་འབོར་བསྡོམས་གཅིག་འབུམ་གསུམ་ཀྲི་ལྷག་ལས་མེད་ཀྱང༌། དེ་ལ་ལྟོས་པའི་པེ་ལུང་གཙང་པོ་སྐད་རིམ་གསར་སྤེལ་དང༌། འབྲུག་ཆུ་རྫོང་ཁོངས་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་མིག་སྔར་ ༤༠ ལྷག་ཡོད་ཅིང༌། འཛུགས་སྐུན་བྱས་ཟིན་པའི་འབའ་ཁམས་ཆུ་ཤུགས་གློག་ཁང་ ༡༥ ཙམ་ཡོད། ད་དུང་སྟག་ཚང་བྲག་རིར་ཆུ་ཤུགས་གློག་ཁང་ ༡༤ འཛུགས་སྐྲུན་བྱེད་བཞིན་པ་རེད། དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་འཐེབས་པའི་ས་ཁུལ་དུ་ནུས་ཤུགས་གང་ཡོད་ཀྱིས་གསར་འཕེལ་གྱི་ལས་གཞི་སྤེལ་ནས་རྣམ་པ་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད། ལྷག་པར་དུ་ས་གནས་དཔོན་རིགས་ཀྱིས་གསར་འཕེལ་གྱི་ལས་གཞི་སྤེལ་བ་བརྒྱུད་རང་གི་བྱས་རྗེས་ངོམ་ཆེད། ག་དུས་ཡིན་ནའི་རང་གི་མིག་སྔའི་ཁེ་ཕན་ལ་ལྟ་བ་ལས་མི་མང་གི་རྒྱང་རིང་གི་ཁེ་ཕན་ལ་བསམ་ཞིབ་བྱས་མེད། ཆུ་ཤུགས་གློག་ཁང་རྒྱག་རྒྱུར་ཆུའི་མཐོ་ཚད་སྤར་དགོས་པས། དེ་ལྟར་བྱས་ཚེ་རྒྱུག་ཆུའི་གཡས་གཡོན་གྱི་རི་འདབས་ས་འདྲུད་ཤོར་བ་དང་ཆུ་རུད་ཆགས་ཉེན་ཡོད། ཆུ་ཤུགས་གློག་ཁང་བརྒྱབ་ནས་བསྔོགས་པའི་ས་རྡོ་རྣམས་རི་གཤོང་གི་ས་སྟོང་འགྱངས་པ་དེས་ས་འདྲུད་དང་ཆུ་ལོག་རྒྱག་རྒྱུའི་སྔོན་འགྲོའི་ས་སོབ་སོབ་བཟོས་པའི་ཆ་རྐྱེན་བསྐྲུན་པ་རེད།
༢༽ འབྲུག་ཆུ་རྫོང་གི་གྲོང་ཁྱེར་བཀོད་པ་འཛུགས་སྐྲུན་བྱེད་རིང་གི་ནོར་འཁྲུུལ།
འབྲུག་ཆུ་རྫོང་པེ་ལུང་གཙང་པོའི་ངོགས་གཉིས་ཀྱི་གཤོང་ས་རིང་པོ་ཞིག་ཏུ་གནས་ཡོད། འོན་ཀྱང་རྫོང་དེའི་གྲོང་ཁྱེར་གྱི་བཀོད་པ་རྒྱ་ནག་དབུས་ཁུལ་གྱི་ས་ཆ་ཐང་བདེ་པོའི་གྲོང་ཁྱེར་ཆུ་ངོགས་ཀྱི་དཔེ་ནང་ལྟར་པར་བཀབ་ནས་བཟོས་ཡོད་པ་མ་ཟད། པེ་ལུང་གཙང་པོ་ཆུ་ཡུར་ཁ་བཞེངས་ཆུང་ཆུང་རིང་པོ་ཞིག་ནང་བཅུག་ཐོག ཆུ་ཡུར་ངོགས་གཉིས་སུ་གཞི་རྒྱ་ཆེ་བའི་ཐོག་བརྩེགས་ཅན་གྱི་ཁང་པ་མང་འཛུགས་སྐྲུན་བྱས་ཡོད་པ་རེད།
རི་ཁུལ་གྱི་རྒྱུགས་ཆུ་ཆུའི་ཁ་མཐོ་ཚད་ངེས་གཏན་མེད་ལ་འཚམས་རེ་ཆུའི་ནང་བབ་རྡོ་ཆེན་པོ་མང་པོ་འཁྱེར་ཡོང་བ་དང༌། ཁ་བཞེངས་ཆུང་བའི་ཆུ་ཡུར་གྱིས་ཆུ་རྒྱུགས་ཤུགས་ལ་གནོད་པ་མ་ཟད། དེ་བས་ཚབས་ཆེ་བ་ཞིག་ལ་བབ་རྡོ་ཆེན་པོ་དེ་དག་གིས་ཆུ་ཡུར་བཀག་ནས་ཆུ་རྒྱུགས་མ་ཐུབ་པའི་ཐོག ཆུ་ངོགས་གཉིས་ཀྱི་ཐོག་བརྩེགས་ཅན་གྱི་ཁང་པས་ས་བཀག་ནས་ཆུ་ཁ་ཐུག་རྒྱུགས་མ་ཐུབ་པར་བརྟེན། ཆུ་ཡུར་ནང་ཆུ་ཁ་མཐོན་པོ་གསོགས་ཏེ། ད་གཟོད་ཆུ་རུད་ཀྱི་འཇིགས་པ་ཆེན་པོ་དེ་བཟོས་པ་རེད།
པེ་ལུང་གཙང་པོ་རྒྱུགས་ཡུལ་ས་ཆ་གཤོང་ས་རིང་པོ་ཡིན་སྟབས། དེ་ཁུལ་གྱི་ཡུལ་མི་རྣམས་དངོས་འབྲེལ་བྱས་ན་ཁ་ཐོར་ནས་བཀོད་སྒྲིག་བྱེད་དགོས་ཀྱང༌། འབྲུག་ཆུ་རྫོང་གི་བཀོད་པ་གཉིས་ཡོད་པ་དེ་ནི། གཅིག་གིས་པེ་ལུང་གཙང་པོའི་འགྲམ་དུ་ཁ་གཏད་དེ་ཡོད་པ་དང༌། གཉིས་པོ་དེས་ཞོགས་ལྷོ་ནས་བྱང་ངོས་སུ་རྒྱུན་མཐུད་པས། གྲོང་ཁྱེར་གྱི་འཛུགས་སྐྲུན་དེས་བྱང་ངོས་ས་ཁུལ་རི་འདབས་ཀྱི་རྨང་གཞིར་གཏོར་བཤིག་བཏང་ཡོད་སྟབས། ད་རེས་ཀྱི་ཆུ་རུད་དེ་ཏག་ཏག་བྱང་ངོས་ཀྱི་རོ་ཅ་ཡུས་དང༌། མིག་གསུམ་གྲོག་རོང་ནས་འགོ་བཙུགས་ཏེ་གྲོང་ཁྱེར་གྱི་བཀོད་པ་ལྟར་ཞོགས་བྱང་ངོས་ནས་ལྷོ་ངོས་སུ་རྒྱུགས་སླེབས་པ་ཞིག་རེད།
རྫོང་སྨན་ཁང་དེ་རྫོང་གི་ས་ཆ་དམའ་ཤོས་སུ་བརྒྱབ་ཡོད་པ་དེ་ཡང་གྲོང་ཁྱེར་བཀོད་པའི་ནོར་འཁུལ་གཅིག་ལ་བརྩི་ཆོག རྫོང་ནང་གི་ཁང་པ་མང་ཆེ་བ་ད་རེས་ཀྱི་ཆུ་རུད་ཀྱི་འཇིགས་པའི་ཁྲོད་དུ་ཐོག་བརྩེགས་གཉིས་ཆུས་བསྣུབས་ཡོད་ཀྱང༌། རྫོང་སྨན་ཁང་གི་ཐོག་བརྩེགས་གསུམ་ཆུས་བསྣུབས་ཡོད། སྨན་ཁང་གི་ཉེན་སྐྱོབ་ལས་དོན་ནང་དངོས་འབྲེལ་བྱས་ན་སྨན་བཅོས་ནད་སྐྱོབ་ཀྱི་ནུས་པ་ཐོན་དགོས་ཀྱང༌། ད་རེས་སྨན་ཁང་མྱུར་སྐྱོབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། སྨན་ཁང་ས་འོག་ཏུ་བསྣན་ཡོད་པར་བརྟེན་སྨན་ཁང་ནང་ཡོད་པའི་སྨན་རྣམས་ཕན་མེད་དུ་གྱུར་ཏེ། ད་རེས་འབྲུག་ཆུ་ཁུལ་དུ་ཆུ་རུད་ཀྱི་འཇིགས་པ་བྱུང་བའི་གནས་ཚུལ་ཨང་དང་པོ་དེ། འབྲུག་ཆུ་རྫོང་ལ་སྨན་མེད་པའི་དཀལ་ངལ་དེ་ཆགས་ཡོད་པ་རེད།
གནོད་འཚེ་ཕོགས་པའི་འབྲུག་ཆུ་རྫོང་ནི་རྒྱ་ནག་གི་ཁྱབ་ཚད་ཆེ་བའི་གཙང་ཆུའི་འབྱུང་རྩར་ཐུགས་ཡོད། པེ་ལུང་གཙང་པོ་ནི་ཅ་ལིན་གཙང་པོའི་ཡ་རྒྱལ་ཞིག་རེད། ཅ་ལིན་གཙང་པོ་ནི་འབྲི་ཆུའི་ཡ་རྒྱལ་ཞིག་རེད། གཙང་ཆུའི་འབྱུང་རྩ་ནི་རྒྱ་ནག་གི་ཆུའི་མཆོད་རྟེན་ལྟ་བུ་ཡིན་ལ། རྒྱ་ནག་གི་སྣོད་བཅུད་ཁོར་ཡུག་གཏོར་བཤིགས་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། འབྲུག་ཆུ་རྫོང་ལ་ཆུ་རུད་ཀྱི་འཇིགས་པ་བྱུང་བ་དེ་གཙང་ཆུའི་འགྲམ་དུ་གསར་སྤེལ་བྱ་ཐལ་དྲག་པ་དང༌། གྲོང་ཁྱེར་གྱི་བཀོད་པ་ནོར་འཁྲུལ་བྱས་པ་ལ་བརྟེན་ནས་བྱུང་བ་རེད། དེའི་ངོ་བོ་ནི་གཙང་ཆུའི་འབྱུང་སའི་ས་ཁུལ་གྱི་ཁོར་ཡུག་ལ་གནོད་ཚེ་ཚབས་ཆེ་བཏང་བའི་ངན་འབྲས་ཤིག་རེད། དེར་བརྟེན་ད་རེས་ཀྱི་གནོད་ཚེ་འདི་མི་རྣམས་ལ་དྲིལ་བརྡ་ཞིག་བཏང་སྟེ་གཙང་ཆུའི་འབྱུང་སའི་ས་ཁུལ་ལ་ཁོར་ཡུག་སྲུང་སྐྱོབས་བྱེད་རྒྱུ་འདི་ཁྱེད་དང་ང༌། མི་རབས་རྗེས་མའི་བདེ་སྡུག་ལ་ཐུག་ཡོད་པ་རེད་དོ།
{jcomments on}