ཤས་བདག་མང་ཚོགས་ཀྱི་ཚོགས་ཆེན།

མོན་གྷོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན། ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་སོགས་ལས་ཀྱི་སྣེ་མོ་བ་རྣམ་པ་དང་། གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ། ས་གནས་ཤས་བདག་མི་མང་ཕོན་ཆེན་ཚོགས་བཅར་བྱས་ཡོད་པ་རེད།
ཐོག་མར་མཉམ་འབྲེལ་དྲུང་ཆེ་ཀརྨས་ཚོགས་འདུ་ངོ་སྤྲོད་དང་སྦྲགས་ཕྱི་ལོ་༢༠༠༩/༢༠༡༠ ལོ་གཉིས་ཀྱི་རྩིས་ཁྲ་སྙན་སྒྲོན་དང། མཉམ་འབྲེལ་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་དང་མཉམ་འབྲེལ་དྲུང་ཆེ་གཉིས་ནས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་༢༠༡༠ དང་༢༠༡༡ གཉིས་ཀྱི་སྔོན་རྩིས་གསལ་བསྒྲགས་དང་བཀའ་འཁྲོལ་ཞུས་ཡོད་པ་རེད།
ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་གསུང་དོན། ས་གནས་མཉམ་འབྲེལ་ནི་ས་གནས་མི་མང་དཀྱུས་མ་ཚོའི་ཁེ་ཕན་དང་བདེ་སྡུག་གི་ཆེད་དུ་བཙུགས་པ་ཞིག་རེད་མ་གཏོགས་དཔལ་འབྱོར་ཁེ་སྐྱེད་ཀྱི་ཆེད་དུ་བཙུགས་པ་ཞིག་མིན་པ་ཤེས་དགོས་ངེས་རེད། ལྷག་པར་དུ་མཉམ་འབྲེལ་ཚོང་ཁང་ལ་ཆ་བཞག་ན་མི་ལོ་༤༠ རིང་ཕྱི་ནང་གཉིས་ཀར་ཡར་རྒྱས་སྣ་གཅིག་མེད་པ་མ་ཟད་མཉམ་འབྲེལ་ཕྱོགས་ཡོངས་ཀྱི་ཚོང་ཁང་དང་བཟོ་ལས་ཁང་སོགས་ནས་ཁེ་ཚོང་ཧ་ཅང་ཆུང་ཆུང་ཡིན་པ་ང་ཚོས་ཤེས་གསལ་རེད། དེ་ཚོའི་སྐོར་ལ་ས་གནས་མི་མང་གི་འགན་ཁུར་ཡོད་པའི་སྒོ་ནས་འབད་བརྩོན་དང་དོ་ཁུར་ལེན་དགོས་ངེས་རེད་ཅེས་གསུངས་སོང།
དེ་བཞིན་སྐུ་མགྲོན་གཙོ་བོ་དང་ས་གནས་གཞིས་འགོ་གཉིས་ཀྱིས་སྤྱིར་འཛམ་གླིང་ནང་ཐོག་མར་དབྱིན་ཇི་ནས་མི་མང་མཉམ་འབྲེལ་ཟེར་བ་ཚུགས་ཚུལ་དང་ལྷག་པར་༧གོང་ས་མཆོག་གིས་བཀའ་དགོངས་བཞིན་བཙན་བྱོལ་ནང་མི་མང་མཉམ་འབྲེལ་བཙུགས་ནས་ད་བར་དུ་གང་འཚམས་ཡར་རྒྱས་དང་ཚགས་ཚུད་དུ་སོང་ཡོད་པ་རེད། ད་དུང་ཡང་མུ་མཐུད་ནས་བོད་དོན་བདེན་མཐའ་མ་གསལ་བར་འཕྲལ་སེལ་ཙམ་མིན་པར་ཕུགས་ལ་ཕན་པའི་ལས་ཀ་བྱེད་རྒྱུར་འབད་བརྩོན་བྱེད་དགོས་སྐོར་གྱི་ལམ་སྟོན་གནང་རྗེས། སྤྱི་མི་ཟུར་པ་རྣམས་དང་གཞིས་གྲོང་སོ་སོའི་ཞིང་ཁ་འདེབས་མང་ཤོས་སོགས་ལ་ཐུགས་རྗེ་ལེགས་འབུལ་དང་ཤས་བདག་མང་ཚོགས་ལ་རྒྱན་ཤོག་གི་ལམ་ནས་བྱ་དགའ་ཁག་གཅིག་ཀྱང་གནང་སོང་།།
མོན་གྷོ་གསར་འགོད་པས།