བོད་དོན་ལས་འགུལ་བ་ཨོ་སུ་ཀྲི་ལི་ཡའི་གླིང་ཕྲན་དུ་འབྱོར་བ།

ཉིན་རྒྱབ་གྲོང་ཁྱེར་གཙོ་བོ་སིཌི་ནས་སོགས་སུ་བོད་དོན་འབྲེལ་བའི་བསྒྲགས་ཡིག་འགྲེམས་སྤེལ་དང་། མང་ཚོགས་འདུས་སྡོད་བྱེད་ས་ཀུན་ཏུ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་ད་ལྟ་ཁོ་རང་གི་ལས་འགུལ་འདི་སྤེལ་དགོས་དོན་སོགས་གསལ་བཤད་བྱས། དགོང་མོ་སིཌི་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་འདི་གའི་བོད་རིགས་མི་མང་འདུ་འཛོམས་ཐོག ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་ལགས་ཀྱིས་ས་གནས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ལྷག་པ་ཚེ་རིང་ལགས་ཀྱིས་བོད་དོན་ལས་འགུལ་སྤེལ་བ་ལ་ཡི་རངས་བསྔགས་བརྗོད་དང་། མང་ཚོགས་ཀྱི་ཁོང་ལ་རྒྱབ་སྐྱོར་རོགས་རམ་གནང་དགོས་སྐོར་དང་རྒྱབ་སྐོར་གང་ཐུབ་མཚོན་བྱེད་ཞལ་འདེབས་གང་ཐུབ་བྱེད་དགོས་པའི་སྐུལ་མ་གནང་སོང་། དེ་རྗེས་ལྷག་པ་ཚེ་རིང་ལགས་ཀྱིས་ཁོ་རང་གིས་བོད་དོན་ལས་འགུལ་འདི་མ་འོངས་པའི་བོད་མི་ན་གཞོན་སྤུན་ཟླ་ཚོར་དམིགས་དཔེ་སྟོན་པ་ཙམ་གྱི་ལས་འགུལ་ཞིག་ཡིན་སྐོར་དང་། ད་ཐེངས་ཁོ་རང་སྒེར་གྱིས་འགྲོ་གྲོན་བཏང་སྟེ་འཛམ་གླིང་ཕྱོགས་བསྐྱོད་ཀྱི་ལས་འགུལ་འདི་ལྟ་བུ་སྤེལ་དགོས་པའི་དམིགས་ཡུལ་རྒྱུ་མཚན་སོགས་འགྲེལ་བཤད་གནང་སོང་། དེ་བཞིན་ས་གནས་བོད་མི་རྒན་གཞོན་ཚང་མས་ཁོང་ལ་རྒྱལ་ཁམས་བསྐོར་ཏེ་བོད་དོན་ཆེད་བསྐྱོད་བྱས་པར་ཉམས་མྱོང་ཅི་བསགས་དང་དཀའ་ཁག་ཇི་འཕྲད་སོགས་ཀྱི་སྐོར་ལ་དྲི་བ་དྲི་ལན་བྱས་སོང་། དེ་རྗེས་ས་གནས་མི་མང་ཚོས་ཁོང་ལ་ཐུགས་རྗེ་ཆེ་ཞུ་མཚོན་དུ་གླུ་གར་རོལ་མོའི་སྒྲ་དབྱངས་ཁྲོད་ནས་ཁ་བཏགས་བཏང་བ་དང་རོགས་རམ་ཞལ་འདེབས་བྱས་སོང་ལ། དེ་དང་འབྲེལ་ཏེ་ཁ་ལག་སྟབས་བདེ་ཞིག་ཀྱང་བཏང་ཡོད་པ་རེད། ལྷག་པ་ཚེ་རིང་ལགས་ཀྱིས་གླིང་ཕྲན་ཨོ་སུ་ཀྲི་ལི་ཡའི་མངའ་སྡེ་སོ་སོར་བོད་དོན་ལས་འགུལ་གྲུབ་རྗེས་རྒྱ་གར་ལྷོ་ཕྱོགས་བརྒྱུད་ཏེ་ཟླ་༡༠ ཚེས་༢༣ ཉིན་བཞུགས་སྒར་དྷ་སའི་བོད་ཁྱིམ་སློབ་གྲྭའི་མཛད་སྒོ་དང་བསྟུན་ནས་བོད་དོན་ཕྱོགས་བསྐྱོད་ཀྱི་ལས་འགུལ་རྒྱལ་ཁའི་ངང་མཇུག་གྲོལ་རྒྱུ་ཡིན་འདུག།

ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སུ་ཀྲི་ལི་ཡའི་གྲོང་ཁྱེར་སིཌི་གནས་ནས། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༥ ལ།།